བོད་ལྗོངས་མངའ་རིས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས།
གངས་ལྗོངས་ས་མཐོར་འཕེལ་རྒྱས་དོན་གཉེར་བྱེད།
2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང‘ལམ་གཉིས’ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་གཅིག་གྱུར། ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། རིགས་ཁག་གི་ཤེས་ལྡན་པས་འབད་འབུངས་ཡར་བརྩོན་དང་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
མངའ་རིས་ས་ཁུལ་དུ་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དེ་མི་རྣམས་ཀྱི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་འཁོད་ཡོད་ལ། དེ་བས་ཀྱང་ཁ་ཡོད་ལག་ཡོད་ཀྱི་བྱ་སྤྱོད་དངོས་སུ་གྱུར་ཡོད།
མངའ་རིས་ས་ཁུལ་དུ་ཆ་སྙོམས་ས་བབ་སྨི་4500ཟིན་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་50%ཡང་ཟིན་གྱི་མེད་ལ། དགུན་དུས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་གྱི་ཡོད། དེ་གར་ཏང་ཀྲི་པུའུ་1000ལྷག་ཙམ་དང་ཏང་ཡོན་ཁྲི་2.1ལྷག་ཙམ་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་འབད་འཐབ་ལྷོད་མེད་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་བཞིན་ཡོད།
སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་མང་ཚོགས་ཀྱི་བདེ་སྡུག་ལ་བརྩེ་སེམས་བཅངས་པ།
རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་ཁམ་སྡོང་སྐྱེ་འཚར་ཡག་ལ། ཀུ་ཤུའི་རྡོག་པོ་ལྗིད་ཏིག་ཏིག་བཏགས། བསིལ་རླུང་དལ་བུར་ལྡང་ཞིང་། ཉི་འོད་ལོ་མའི་གསེབ་ནས་བསྟི་ཡག་གྲོང་ཚོའི་གྲོང་མི་འཇིགས་མེད་རྡོ་རྗེའི་གདོང་ལ་འཕྲོས། ཁོང་གིས“ཏང་ཡོན་ལས་བྱེད་པའི་རོགས་རམ་འོག་ལོ་ལྟར་ཤིང་ཏོག་བཙོངས་པར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་རག་གི་འདུག” ཅེས་བརྗོད།
དེ་སྔ་བསྟི་ཡག་གི་ཤིང་འབྲས་ཐོན་འབབ་ཆེ་ཡང་ཚོང་ལམ་མེད་པས། འཇིགས་མེད་རྡོ་རྗེར་ལོ་ལེགས་བྱུང་བའི་ཤིང་འབྲས་འཚོང་མི་ཐུབ་པའི་སེམས་ཁྲལ་ཧ་ཅང་ཆེ། ཕྱིས་སུ་རྫོང་དང་ཤང་གི་ཏང་ཡོན་ལས་བྱེད་པའི་སྐད་འཕྲིན་གྱི་གྲོགས་ཚོམ་དེ་ཁོང་གི་རིན་པ་མི་དགོས་པའི“བརྡ་ཁྱབ”གཏོང་ས་ཞིག་ཏུ་གྱུར་ནས་བསྟི་ཡག་གི་ཤིང་འབྲས་བྲིན་ཁ་རྒྱུག་པོ་བྱུང་ཡོད།
“ཏང་ཡོན་ལས་བྱེད་པས་མང་ཚོགས་དང་ལག་གདང་སྦྲེལ་ནས་འབད་འཐབ་ཀྱིས་ཕྱུག་འགྱུར་གྱི་འབྲས་བཟང་སྨིན་ཐུབ་པ་བྱེད་ཀྱི་ཡོད”ཅེས་བསྟི་ཡག་ཤང་གི་ཤང་ཀྲང་ཕུར་བུ་བསྟན་འཛིན་གྱིས་བཤད།
མངའ་རིས་ས་ཁུལ་དུ་དྲ་མིག་ཏང་རྩ་འཛུགས་461དང་ཏང་ཚོགས་ཆུང་709བཙུགས་ཡོད་པ་དང་། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་དྲ་མིག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་ཁུར་བ་དང་འབྲེལ་དྲ་མིག་པ་483བཀོད་སྒྲིག་བྱས་ཡོད། མངའ་རིས་ས་ཁུལ་གྱིས་ད་དུང་རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་ཡོན་གྱི“འགན་ལེན་གསུམ”དང“འབྱོར་ཐོ་གཉིས”ཀྱི་ལས་དོན་སྤེལ་ནས། མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”དང་། “ཕུགས་འདུན་ཆུང་ངུ” འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱེད་ཀྱི་ཡོད།
ཏང་གཤིས་ཞུན་བརྡར་དང་དམངས་ལ་བརྩེ་བ་བཅངས་པ།
རྩྭ་མདའ་རྫོང་ཆུ་གསུམ་ཤང་ནི་ས་བབ་སྨི་4275སར་ཆགས་པའི་འབྲོག་ཁུལ་ཞིག་ཡིན་པ་དང་འབྲོག་དུད་113གྱིས་ལོ་ལྟར་རྩྭ་ཆུ་བཟང་སར་འཚོ་སྡོད་བྱེད་ཀྱི་ཡོད།
རྩྭ་མདའ་རྫོང་ཆུ་གསུམ་ཤང་མཐའ་མཚམས་མངགས་གཏོང་ཁང་གིས་གནས་གཏན་འཁེལ་མེད་པའི“སྒུལ་བདེའི་ཉེན་དོན་ཁང”བཙུགས་ནས་འབྲོག་པའི་མཚེར་ས་གང་དུ་སྤོས་ཚེ་ཉེན་རྟོག་པ་དེར་བཅའ་སྡོད་བྱེད་ཀྱི་ཡོད། ཁ་བ་བུ་ཡུག་གིས་གཙེས་པའི་ཉག་ཁ་གང་སར་མི་དམངས་ཉེན་རྟོག་པ་ཚོའི་རྐང་རྗེས་གྲངས་མེད་བཞག་ཡོད་ལ། ཁ་བ་ལྷུབ་ལྷུབ་ཏུ་བབས་པའི་མཚན་མོར་འབྲོག་པས་གློག་འོད་ལ་གཏད་ནས་ཁོང་ཚོ་འཚོལ་བར་ཡོང་གི་ཡོད།
རྩྭ་མདའ་རྫོང་ཆུ་གསུམ་ཤང་མཐའ་མཚམས་མངགས་གཏོང་ཁང་གི་མཛུབ་ཁྲིད་པ་ཐེན་ཡོན་གྱིས“‘སྒུལ་བདེའི་ཉེན་དོན་ཁང’བཙུགས་ཚུན། རོགས་སྐྱོབ་ཐེངས་150ལྷག་ཙམ་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་90ལྷག་ཙམ་མི་ཕོག་པ་བྱས་པ་མ་ཟད། ཁོངས་གཏོཌ་ཁུལ་དུ་ལོ་14བསྟུད་མར་ཉེས་དོན་གྱོད་གཞི་ཐོན་མེད་པ་དང་འགལ་ཟླ་དང་རྩོད་གཞི་རང་སར་འདུམ་འགྲིག་ཐུབ་ཚད་ཀྱང་100%ཟིན་ཡོད”ཅེས་བཤད།
མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་མཐའ་མཚམས་ལམ་ཐིག་དང་ཆ་རྐྱེན་ཞན་པའི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་མངའ་རིས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སློབ་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད།
“ང་ཚོས་ཏང་གཤིས་སློབ་གསོ་ཨང་དང་པོར་བཞག་སྟེ་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནས་བློ་རྩ་བརྟན་པའི་གཤིས་རྒྱུད་ལུས་ལ་འཇགས་པར་བྱེད་དགོས་པ་དང་། གཞི་རིམ་གྱི་ཞུན་བརྡར་དེ་མི་དམངས་ལ་འཆང་བའི་བརྩེ་སེམས་ཟབ་མོར་འགྱུར་བར་བྱས་ཏེ་ས་མཐོར་རྩ་བ་བརྟན་པོར་འཛུགས་དགོས”ཞེས་མངའ་རིས་ས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀྲང་ཤུས་ཀྱིས་བཤད།
གྲོང་ཚོ(སྡེ་ཁུལ)138ཚང་མ་ཚན་པས་འགན་གཙང་བླངས་པ་དང་། ཏང་ཡོན་ལས་བྱེད་པ་5800ལྷག་ཙམ་གྱིས་དཀའ་ངལ་ཡོད་པའི་དམིགས་བསལ་མི་སྣ་དང་། གཙོ་གནད་ཐོག་གཅེས་སྐྱོང་བྱེད་དགོས་པའི་ཚོགས་སྤྱི། ཐ་སྐྱོང་འགན་ལེན་བྱ་ཡུལ་སོགས་མི་སྣ(དུད་ཚང)6390ལྷག་ཙམ་དང་ཆ་སྒྲིག་བྱས་པ་དང་། “གསར་གཉིས”རྩ་འཛུཌ་ཀྱི་ཏང་འཛུཌ་སྐྱོང་དང་ཁེ་ལས་ཀྱིས་ཕྱོགས་ཡོངས་ལ་འགན་གཙང་ལེན་པ། “དྲིན་ཚོར་འབད་འབུངས། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ”སོགས་སྤུས་རྟགས་མ་ལག་4བསྐྲུན་པ་སོགས་མངའ་རིས་ས་ཁུལ་གྱིས་ལོ་10བསྟུད་མར་“བོད་ནུབ་ཀྱི་གདོང་ལེན་པ། གསར་བརྗེའི་མངའ་རིས”ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་སྐྱོང་ཟབ་ཏུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་བྱས་ཡོད།
འབད་འབུངས་ཡར་བརྩོན་གྱིས་འགན་འཁྲི་ཕྲག་ཏུ་འཁུར། མི་རབས་ནས་མི་རབས་བར་གྱི་ཏང་ཡོན་ལས་བྱེད་པས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་གངས་ལྗོངས་ས་མཐོར་འཕེལ་རྒྱས་དོན་གཉེར་བྱས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་མེ་ཏོག“འཛམ་གླིང་ཡང་རྩེའི་ཡང་རྩེར”བཞད་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།