དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ཁྲོད་མི་21རྐྱེན་ལམ་དུ་ཤོར་བ་དང་མི་541དང་འབྲེལ་བ་ཆད་པ།

    རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་ཁག་གཅིག་སྐམ་ལམ་བརྒྱུད་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་འབྱོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-05

    ཟླ་9ཚེས་2ཉིན་གྱི་ཆུ་ཚོད་20ལ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་རེད། ཚེས་2ཉིན་གྱི་ཆུ་ཚོད་12བར། གནོད་འཚེའི་ནང་མི་21རྐྱེན་ལམ་དུ་ཤོར་བ་དང་། མི་541དང་འབྲེལ་བ་ཆད་པ། ཤུལ་ལུས་དངོས་པོ་847རྙེད་ཡོད་པ་རེད།

    ཚེས་2ཉིན་གྱི་ཆུ་ཚོད་10པར། གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་སྐྱོད་པའི་རྒྱལ་ལམ་216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་མྱུར་བཟོ་ལེགས་གྲུབ་ཐུབ་ཅིང་། རིམ་རྩིས་བརྒྱབ་ན་ཉིན་ཤས་བསྟུད་མར་ཕྱོགས་ཁག་གིས་མྱུར་བཟོ་བ་མི་ཐེངས་1333དང་ཆེད་ལས་སྒྲིག་ཆས་ཐེངས་658བཀོད་སྒྲིག་བྱས་ཡོད། རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་ཁག་གཅིག་བཅས་སྐམ་ལམ་བརྒྱུད་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་འབྱོར་བ་རེད།

    གནོད་འཚེ་ཐོན་རྗེས་རོགས་སྐྱོབ་མི་སྣས“སྐམ་ཆུ་མཁའ”བཅས་ལམ་ཐིག་གསུམ་ནས་རོགས་སྐྱོབ་དངོས་ཟོག་དབོར་བ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་336གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་ལེབ་བཤེར་དང་ཡོངས་བཤེར་རྣམ་པའི་འཚོལ་སྐྱོབ་བྱེད་པར་ཐེངས་མང་བཏང་ཞིང་། འཚོལ་སྐྱོབ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་159.1ཟིན་ཡོད་པ་རེད། གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་གྱི་ཆུ་རུད་ཀྱི་གསོག་དངོས་མཐུག་ཚད་ལ་སྨི་4ཡོད་པ་དང་མཐུག་ཤོས་ལ་སྨི་16ཟིན་པ་དང་། ས་ངོས་སུ་ད་དུང་འདམ་རྫབ་ཀྱིས་ཁེངས་ཤིང་ཕ་བོང་མང་པོ་ཡོད་པ་རེད། རོགས་སྐྱོབ་མི་སྣས་ཁུལ་དབྱེ་ནས་འཚོལ་ཞིབ་བྱས་ཏེ། ཕྱོགས་གཅིག་ནས་དུས་འགོའི་འཚོལ་ཞིབ་ཀྱི་རྨང་གཞིའི་ཐོག ཆེད་ལས་ཀྱི་དཔྱད་ཆས་དང་སྒྲིག་ཆས་ལ་བརྟེན་ནས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་རྐྱེན་ལམ་དུ་ཤོར་མཁན་དང་འབྲེལ་ཆད་མི་སྣའི་ཆ་འཕྲིན་འཚོལ་རྙེད་གང་ཐུབ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རླངས་འཁོར་འཇོག་ས་དང་། མཉམ་འབྲེལ་ཞིབ་བཤེར་ཐོག་ཁང་། ཉལ་ཁང་སོགས་གཙོ་གནད་ས་ཁོངས་སུ་འཚོལ་ཞིབ་གཙོ་བོ་བྱེད་བཞིན་ཡོད་པ་རེད།

    དེ་དང་ཆབས་ཅིག་རོགས་སྐྱོབ་མི་སྣས་རྙེད་པའི་སྐུ་ཕུང་འཕྲལ་མར་དབོར་བ་དང་ངོས་འཛིན་བྱས་ཏེ། རྗེས་མཐུད་ཀྱི་རྗེས་འཇུག་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་པ་དང་། འདས་པོའི་ཅ་དངོས་རྙེད་པ་དག་དབྱེ་བ་གསལ་པོ་ཕྱེ་ནས་ཉར་ཚགས་དང་རྩིས་སྤྲོད་ཚད་ལྡན་བྱས་པ་རེད། འཚོལ་སྐྱོབ་ས་ཁོངས་ལ་འཕྲོད་བསྟེན་ཉེན་ཁའི་དཔྱད་དཔོག་བྱས་ནས་འཕྲོད་བསྟེན་གྱི་རིམས་འགོག་ལས་དོན་ཚད་ལྡན་སྤེལ་བ་རེད།

    གནོད་འཚེ་ཐོན་རྗེས་ས་གནས་དེ་གས་རང་འགུལ་ངང་རྐྱེན་ལམ་དུ་ཤོར་མཁན་དང་འབྲེལ་ཆད་མི་སྣའི་ནང་མི་དང་དུས་ཐོག་ཏུ་འབྲེལ་བ་བྱས་ཤིང་། ཚེས་2ཉིན་གྱི་ཆུ་ཚོད་12བར། ཁྱོན་ནང་མི་587ལ་སྣེ་ལེན་དང་བཀོད་སྒྲིག་བྱས་པ་དང་དེའི་ནང་རྒྱལ་ནང་གི་རྐྱེན་ལམ་དུ་ཤོར་མཁན་དང་འབྲེལ་ཆད་མི་སྣའི་ནང་མི་253ཚུད་ཡོད། རྒྱལ་ཁབ་ཕྱི་ནང་གི་རྐྱེན་ལམ་དུ་ཤོར་མཁན་དང་དེ་བཞིན་འབྲེལ་ཆད་མི་སྣའི་ནང་མིར་བློ་འདྲི་ཞབས་ཞུའི་ཁ་པར་ཁག་4མཁོ་འདོན་བྱས་པར་རྒྱལ་ཁབ་ཕྱི་ནང་གི་ནང་མིའི་ཁ་པར་ཐེངས་876(དེའི་ནང་རྒྱལ་ནང་གི་ཁ་པར་ཐེངས་448དང་ཕྱི་རྒྱལ་གྱི་ཁ་པར་ཐེངས་428)ཉན་ཡོད། དེ་དང་ཆབས་ཅིག་ཆེད་ལས་པ་70བཀོད་སྒྲིག་བྱས་ནས་རྐྱེན་ལམ་དུ་ཤོར་མཁན་དང་དེ་བཞིན་འབྲེལ་ཆད་མི་སྣའི་ནང་མི་མི་ཐེངས་1107ལ་སེམས་ཁམས་བློ་འདྲི་དང་སེམས་གསོ་བྱས་པ་དང་ལས་བྱེད་པ་1220ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཞབས་ཞུ་བསྒྲུབས་ཡོད་པ་རེད།

    སྐྱིད་གྲོང་འགག་སྒོ་ནི་ཧི་མ་ལ་ཡའི་གྲོག་རོང་དུ་གནས་པ་དང་ས་གཤིས་གྲུབ་ཆ་ཧ་ཅང་རྙོག་འཛིང་ཆེ་བས། གནོད་འཚེ་ཐོན་ཁུལ་མང་ཆེ་བ་ས་བབ་མཐོ་བའི་རི་བོ་དང་འཁྱགས་རོམ་ཁུལ་དུ་ཡིན་པ་དང་གནོད་འཚེ་ཐོན་ཁུལ་ཁག་གཅིག་རྒྱལ་ཁབ་ཕྱིར་ཡིན་པས། རྒྱལ་སྒྲོལ་གྱི་མཉམ་འགོག་མཉམ་སྡོམ་གྱི་དཀའ་ཚད་ཆེ་ཙམ་ཡོད། དམིགས་བསལ་གྱི་ཆ་རྐྱེན་དེ་དག་ལ་དམིགས་ནས་ས་གནས་དེས་འབབ་རྒྱུད་ཡོངས་སུ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་བཙུགས་ནས་ཕྱོགས་བསྡུས་འཕྲལ་སྡོམ་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

    གསར་འགོད་པས་རྩོམ་ཡིག་སྤེལ་སྐབས་འཕྲུལ་ཆས་དང་སྒྲིག་ཆས་10ལྷག་ཙམ་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་འབྱོར་བ་དང་མེ་གསོད་རོཌ་སྐྱོབ་དཔུང་ཁག་གིས་སྔར་ཡོད་ཀྱི་བཀོད་འདོམས་པ་24དང་རྫི་ཁྱི་2ཡོད་པའི་རྨང་གཞིའི་ཐོག་བཀོད་འདོམས་པ་65དང་ཡོ་བྱད་དང་སྒྲིག་ཆས་200ལྷག་ཙམ་མང་དུ་བཏང་ནས་འཚོལ་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།