དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྱིམ་མཚེས་དབར་གྱི་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་ཀྱི་ཀྲུང་ཁེར་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས།

    ཁེར་གྷི་སི་ཐན་གྱི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་དོན་འཚམས་འདྲིར་ཕེབས་པར་ཚད་མཐོའི་གདེང་འཇོག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-05

    ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ཡི་གདན་ཞུས་ལྟར། 2026ལོའི་ཟླ་8ཚེས་30ཉིན་ནས་ཟླ་9ཚེས་1ཉིན་བར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་པ་རེད། འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་བསྒྲགས་གཏམ》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག》ལ་ལྷན་དུ་མཚན་རྟགས་བཀོད་པ་མ་ཟད། ཕྱོགས་གཉིས་པོས་མ་འཇོག་དང་། འགྲིམ་འགྲུལ། འགག་སྒོ མཛའ་གྲོགས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བརྗེ་རེས་ལ་དཔང་པོའང་གནང་བ་རེད། འཚམས་འདྲི་གནང་རིང་། ཀྲུང་ཁེར་ཕྱོགས་གཉིས་པོས་ད་དུང་ཚན་རྩལ་དང་། སློབ་གསོ། མི་ཆོས་རིག་གནས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཁག་20ལྷག་ཙམ་ལ་མཚན་རྟགས་བཀོད་པ་རེད།

    འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་མཁན་ཁེར་གྷི་སི་ཐན་གྱི་ལས་རིགས་ཁག་གི་མི་སྣ་ཚོས། ལོ་7སོང་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་ནས་ཁེར་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་སྲ་བརྟན་དུ་བཏང་བ་དེ་ནི་ཁེར་ཀྲུང་གི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཕྱོགས་གཉིས་པོས་མཉམ་དུ་ཁྱིམ་མཚེས་དབར་གྱི་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་ཀྱི་ཁེར་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རམ་འདེགས་གནང་ཡོད་ཅེས་བརྗོད་པ་རེད།

    “རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་མྱུར་བའི‘རྫོགས་ལྡན་དུས་བཟང’དུ་སླེབས་ཡོད”

    ཀྲུང་གོ་དང་ཁེར་གྷི་སི་ཐན་ནི་གཅིག་ལ་གཅིག་བརྟེན་གྱི་ཁྱིམ་མཚེས་ཡག་པོ་དང་། ལས་དབང་གཅིག་མཐུན་གྱི་རོགས་ཟླ་ཡག་པོ། ཕན་ཚུན་ཕན་པ་འདོགས་པའི་གྲོགས་པོ་ཡག་པོ་བཅས་ཡིན། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་འཆར་གཞི་གསར་པ་བཀོད་གནང་བ་རེད།

    “རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་མྱུར་བའི‘རྫོགས་ལྡན་དུས’སུ་སླེབས་ཡོད” ཁེར་གྷི་སི་ཐན་འཛམ་གླིང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྲེ་ལཱ་ཏིར·པཱ་ཁེ་ཐེ་ཀུའུ་ལུའོ་ཕུའུ་ཡིས། ད་ཐེངས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁེར་ཀྲུང་གི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག་ལ་ཐུན་མོང་ཐོག་མཚན་རྟགས་བཀོད་པ་དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་བཞག་པའི་ཕྱོགས་གཉིས་པོའི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག་ལ་མཚན་རྟགས་འགོད་ཐེངས་གཉིས་པ་དེ་ཡིན་ཞིང་། དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ཆུ་ཚད་དང་སྤུས་ཚད་མཐོ་པོ་ཡིན་པ་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད།

    “དེ་བས་ཟབ་པའི་ཁེར་ཀྲུང་གི་མཉམ་ལས་བརྒྱུད་ཁེར་གྷི་སི་ཐན་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ངེས་རེད”

    ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་ལེགས་ཆ་གསབ་རེས་བྱས་པས་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་ཁེར་ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཙོ་རྐང་དུ་བྱས་ཏེ་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་སྤོར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་ཚོང་དོན་དང་། མ་འཇོག གསར་གཏོད། འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁེར་འབྲེལ་བ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོ་ཐུན་མོང་ཐོག་དར་རྒྱས་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    པི་སི་ཁེག་འཐབ་ཇུས་དང་རིག་གཞུང་ཞིབ་འཇུག་ཁང་གི་ལག་བསྟར་ཀྲུའུ་རེན་ཁུའུ་པཱ་ཐེ་པེ་ཁེ·ལཱ་ཤིས་མོ་ཕུའུ་ཡིས། ཉེ་བའི་ལོ་ཤས་རིང་། ཁེར་ཀྲུང་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད། “དེ་བས་ཟབ་པའི་ཁེར་ཀྲུང་གི་མཉམ་ལས་བརྒྱུད་ཁེར་གྷི་སི་ཐན་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ངེས་རེད”ཅེས་བརྗོད།

    “ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པར་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས”

    ཀྲུང་ཁེར་ཕྱོགས་གཉིས་པོས་ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས“ངན་ཤུགས་གསུམ”དང་། དུག་ཚོང་། རྒྱལ་སྒྲོལ་ཉེས་གསོག་བཅས་ལ་མཉམ་དུ་རྡུང་རྡེག་བཏང་སྟེ་ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཐུན་མོང་ཐོག་ལག་ལེན་བསྟར་བ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ཏེ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

    “ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་བདེ་འཇགས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བ། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད” ཁེར་གྷི་སི་ཐན་གྱི“ཁཱ་པར”རྒྱལ་ཁབ་འཕྲིན་གཏོང་ཁང་རྒྱལ་སྤྱིའི་འབྲེལ་བ་པུའི་ཀྲུའུ་རེན་ནུར་ཀྲན·ཁཱ་སི་མ་ལི་ཡེ་ཝ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་བཏང་ནས་རྒྱལ་ཁབ་ཁག་གིས་མཉམ་དུ་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པར་མཛུབ་ཁྲིད་གལ་ཆེན་གནང་ཡོད་ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་པི་སི་ཁེག་དང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།