དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགག་རྩའི་རོགས་སྐྱོབ་འགྲོ་ལམ་ཤར་གཏོང་ཐུབ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-05

    ཟླ་9ཚེས་2ཉིན་གྱི་ཐོ་རེངས་སུ། སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ས་ཁོངས་སུ་ཆར་པ་ཆེན་པོ་བབས་པའི་དབང་གིས་གནམ་གཤིས་གྲང་ངར་ཆེན་པོ་ཡོད་མོད། གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་གྱི་ཆུ་གསོག་མཐོ་ལྕོག་སྟེང་ནས་རྒྱང་ལྟ་བྱེད་སྐབས་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་འཚོལ་སྐྱོབ་མི་སྣ་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་མཐོང་ཐུབ།

    དེ་ཡང་སྔོག་འཕྲུལ་དང་བླུག་འཁོར་བཅུ་གྲངས་ཁ་ཤས་ཀྱིས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། འཕྲུལ་འཁོར་དེ་དག་གིས་གནད་སྨིན་ངང་གཙང་ཆུའི་ནང་ནས་རྒྱོང་ཆ་བླངས་རྗེས་ལམ་ངོས་སྙོམས་ཀྱི་ཡོད་པ་དང་། སྔོག་འཕྲུལ་མདུན་མས་ལམ་བུ་འཚོལ་ཞིབ་དང་། འཕྲུལ་འཁོར་གཞན་དག་གིས་འདམ་རྫབ་གཙང་སེལ་དང་ལམ་གཞི་བརྟན་གཏོང་སོགས་བྱེད་ཀྱི་ཡོད། རྒྱལ་ལམ་216མྱུར་བཟོ་བྱ་ཡུལ་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད་པའི་འཕྲུལ་འཁོར་དག་མུན་ནག་གི་ཀློང་དུ་སྡེར་མོ་བགྲད་ནས་མདུན་དུ་སྐྱོད་པའི་ལྕགས་འབྲུག་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས།

    “ཕྱིན་ན་འགྲིག་སོང”ཞེས་ཆུ་ཚོད་4པར་ཀྲུང་གོ་ཨན་ནེང་གི་མཚན་མོའི་སྔོག་འཕྲུལ་མདུན་མ་གཏོང་མཁན་ཁ་ལོ་བ་ཀྲང་ཞའོ་ཅུན་གྱིས་ཁ་པར་ནས་བཤད་ཅིང་། ཁོང་གི་གཞོགས་གཅིག་ནི་རྡོ་ཧྲུག་ཡང་ཡང་ལྷུང་ཡོང་བའི་གཡང་གཟར་བྲག་རི་ཡིན་པ་དང་གཞོགས་གཞན་ཞིག་ནི་ལང་ལོང་དུ་རྒྱུག་བཞིན་པའི་གཙང་པོ་ཡིན་པ་རེད། ཁོང་དང་ལས་རོགས་ཚོས་གཞོགས་འདེགས་ནུས་ལྡན་གྱིས་ལམ་ངོས་ཀྱི་ས་རྡོ་གཙང་སེལ་བྱས་ནས་ལམ་ངོས་སྙོམས་པས། ཆུ་ཚོད་8ཙམ་སོང་རྗེས། ལམ་ཐིག་ཧྲིལ་པོའི་དཀའ་ངལ་ཆེ་ཤོས་ཀྱི་ལམ་དུམ་ཉམས་བཟོ་དང་བརྟན་གཏོང་གི་ལས་དོན་ལེགས་འགྲུབ་ཐུབ་ཡོད་པ་རེད།

    མུན་རུམ་ཁྲོད་དུ་ངར་ལྕགས་ཀྱི་འབྲུག་ཆེན་པོ་འདིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

    ཞོགས་པ་སྔ་པོ་ནས་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་བཅའ་སྡོད་བྱེད་མཁན་མེ་གསོད་རོགས་སྐྱོབ་མི་སྣ་དང་། སྤྱི་བདེ། གནས་སྤོས་ཡུལ་མི་དོ་དམ་གྱི་ཉེན་རྟོག་པ་སོགས་གཅིག་རྗེས་གཉིས་མཐུད་ངང་གུར་ནས་ཐོན་ཞིང་། ཁོང་ཚོས་རོགས་སྐྱོབ་འགྲོ་ལམ་མྱུར་བཟོ་བྱེད་པའི་ཕྱོགས་སུ་ལྟ་སྐབས་སྔོག་འཕྲུལ་གྱི་བཟོ་དབྱིབས་རིམ་གྱིས་ཇེ་གསལ་དུ་འགྲོ་བཞིན་ཡོད།

    ཁོང་ཚོས་སྦྱག་མ་ཁྱེར་ནས་འདམ་རྫབ་ཁྲོད་བསྐྱོད་དེ་མུ་མཐུད་སྲོག་རྒྱུན་ཡོད་མེད་འཚོལ་ཞིབ་བྱེད་ཀྱི་ཡོད།

    ཆུ་ཚོད་8པར་རོགས་སྐྱོབ་འགྲོ་ལམ་མྱུར་བཟོ་ཐུབ་པར་མཐའ་མའི་སྨི་200ལས་མེད་པ་དང་། ཆུ་ཚོད་9པར་མཐའ་མའི་སྨི་100ལས་མེད། ཆུ་ཚོད་10པར་འདམ་རྡོ་རིམ་གྱིས་གཙང་སེལ་ཐུབ་ནས་ཁོད་སྙོམས་ལ་ཤར་རེར་བསྐྱོད་ཐུབ་པའི་འགྲོ་ལམ་ཞིག་རིམ་བཞིན་མིག་མདུན་དུ་མངོན་པ་དང་སྦྲགས་སྐྱིད་གྲོང་འགག་སྒོའི་ཕྱོགས་ཀྱི་གཏོར་སྐྱོན་ཕོག་པའི་རྒྱལ་ལམ་216གི་ལམ་དུམ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད།

    འགག་སྒོའི་སྟེང་དུ་དམར་མདངས་བཀྲ་བའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། འདམ་རྫབ་ཁྲོད་དྲག་ཆས་ཉེན་རྟོག་པ་དང་། མེ་གསོད་རོགས་སྐྱོབ་མི་སྣ། ཉེན་རྟོག་པ་བཅས་ཀྱིས་སྔར་བཞིན་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱེད་བཞིན་ཡོད་པས། ཁོང་ཚོ་ནི་སྐྱ་ཐེར་ཐེར་གྱི་ཆུ་རུད་རྒྱུག་ཤུལ་ཁྲོད་དྲོ་སྐྱིད་ལྡན་ཤོས་དང་བློ་རྩ་བརྟན་ཤོས་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།