བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་བྲིས་པའི་ཉིན་ཐོ།
འགྲོ་ལམ་ཤར་གཏོང་ཐུབ་པ་དང་ཁ་ལག་ཚ་པོ་བཟའ་རྒྱུ་བྱུང་བ།
ཟླ་9ཚེས་2ཉིན། གནམ་འཐིབས་ནས་ཆར་པ་བབས།
ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ་ང་རང་རྒྱལ་ལམ་216བརྒྱུད་སྐྱིད་གྲོང་འགག་སྒོར་བསྐྱོད་སའི་རོགས་སྐྱོབ་ཀྱི་འཐབ་ས་དང་པོ་ནས་སྐྱིད་གྲོང་གྲོང་རྡལ་དུ་ལོག་པ་ཡིན། ལམ་བར་དུ་ཁ་ལག་གི་དྲི་ཞིམ་གློ་བུར་དུ་འཐུལ་བྱུང་།
དྲི་ཞིམ་འཐུལ་སའི་ཕྱོགས་སུ་སྐྱོད་སྐབས་ལམ་འགྲམ་གྱི་ས་སྟོང་ཐོག་ཐབ་ལས་རླངས་འཁོར་བཞག་པ་དང་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དང་དྲག་ཆས་ཉེན་རྟོག་གི་འཐབ་འཛིང་པ་བཅུ་གྲངས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ངང་ཁ་ལག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ཐབ་ཀྱི་སྟེང་ལ་ཚལ་ལྷོག་ལྷོག་ཏུ་འཁོལ་བཞིན་འདུག
ངས་ཉེ་སར་སྐྱོད་དེ་བལྟས་པས་དྲག་ཆས་ཉེན་རྟོག་གི་འཐབ་འཛིང་པ་ཞིག་གིས་ཞོག་ཁོག་གཏུབ་བཞིན་པ་དང་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་གཞན་ཞིག་གིས་ཚལ་འཁྲུད་བཞིན་འདུག ཆུ་ཚོད་གཅིག་ལྷག་ཙམ་སོང་རྗེས་ཉེ་འགྲམ་གྱི་དྲོད་སྲུང་ཚལ་བླུག་སྒམ་ནང་གི་ཚལ་དང་འབྲས་ཀྱི་རླངས་པ་ཁ་གཅོད་ཀྱི་སྲུབས་ཀ་ནས་འཕྱུར་ཡོང་གི་འདུག
བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་ཀྲུང་ཞའོ་དམག་དཔོན་ལིའུ་གཡོད་ཀྱིས“དེ་རིང་ཕྱི་དྲོ་བཟོས་ཚར་ཙམ་རེད། ཉིན་ཤས་གོང་ལམ་འགག་པའི་ཁར་གུ་དོག་པས་ཐབ་ལས་རླངས་འཁོར་རྩ་བ་ནས་འཛུལ་ཐུབ་ཀྱི་མིན་འདུག དེ་རིང་འགྲོ་ལམ་ཤར་གཏོང་ཐུབ་པས་ང་ཚོར་བཀའ་འབྱོར་མ་ཐག་ལམ་སེང་ཡོང་བ་ཡིན། བཟའ་བཅའི་རྒྱུ་ཆ་ནི་ས་གནས་འདི་གའི་སྲིད་གཞུང་གིས་མཁོ་འདོན་བྱས་པ་དང་ས་ཆ་ནི་ཚང་མས་མཉམ་དུ་བཟོས་པ་ཞིག་ཡིན་པས་གཙོ་བོ་འཐབ་ས་དང་པོའི་རོགས་སྐྱོབ་མི་སྣར་ཁ་ལག་ཚ་པོ་བཟའ་རྒྱུ་ཡོང་ཆེད་ཡིན་ཞེས་བཤད་བྱུང་།
དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་ལི་ཧྥུང་གིས། ཕྱི་དྲོ་ང་ཚོ་འདིར་སླེབས་རྗེས་ཚལ་གཏུབ་པ་དང་། འབྲས་བཀྲུ་བ། མེ་གཏོང་བ། ཐུམ་རྒྱག་པ་སོགས་བྱས་ནས་ངལ་གསོ་གཏན་ནས་རྒྱག་ཁོམ་མ་བྱུང“འཐབ་ས་མདུན་མར་ལས་འགན་ལྕི་བས་ཁོང་ཚོ་གྲོད་པ་ལྟོགས་བཅུག་ན་ག་ལ་འགྲིག ང་ཚོ་རྒྱབ་ཕྱོགས་མཁོ་སྒྲུབ་པས་ཁ་ལག་ཕྱི་ཙམ་ཟས་ནའང་སྐྱོན་མེད”ཅེས་བཤད་བྱུང་།
ཕྱིར་ལོག་སྐབས་འཐབ་འཛིང་པ་ཚོ་ད་དུང་ཆར་པའི་ཁྲོད་ལས་ལ་བྲེལ་བཞིན་འདུག ལམ་ཆད་ཚེ་ཁོང་ཚོས་འཕྲལ་མར་གཤོང་བར་སྐྱོད་པ་དང་ལམ་ཤར་གཏོང་ཐུབ་རྗེས་ཁོང་ཚོས་ལྟོ་ཆས་ཚ་པོ་སྐྱེལ་བར་ཡོང་གི་ཡོད། མི་དམངས་བུ་ཕྲུག་དམག་ནི་ནམ་ཡང་གཅེས་སུ་འོས་པའི་མི་རེད།
འབྲེལ་ཡོད་གསར་འགྱུར།