དཔལ་མགོན་རྫོང་གི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞབས་ཞུའི་ས་ཚིགས”ཀྱིས་དམངས་ལ་ཞབས་ཞུ་རྣམ་དག་སྒྲུབ་པ།
བྱང་ཐང་གི་ཡུལ་འདི་དྲོ་སྐྱིད་ས་ཚིགས་སུ་གྱུར་པ།
བྱང་རྩྭ་ཐང་གི་རླུང་བུ་གྲང་ངར་ཤིན་ཏུ་ཆེ།
རྒྱལ་ལམ་317རྒྱུད་ཀྱི་དཔལ་མགོན་དུམ་བུའི་སྣུམ་སྣོན་ས་ཚིགས་གཉིས་པའི་ཉེ་འགྲམ་དུ་སྒེར་འཁོར་ཞིག་ལམ་འགྲམ་དུ་ཁ་བཀག་ནས་བསྡད་ཡོད། སྐུ་ཞབས་ཧྥེང་ལགས་འཁོར་ལོ་རྡོལ་བའི་རླངས་འཁོར་གྱི་འཁྲིས་སུ་བསྡད་ནས་འཁོར་ལོ་བརྗེ་རྩིས་བྱས་ཀྱང་ས་བབ་མཐོ་ཚད་སྨི་4700ཡི་སར་མཛུབ་མོ་འཁྱགས་སྦོས་ཐེབས་པ་དང་གསོ་རླུང་ཡང་མི་འདང་བས་ལུས་ཤུགས་ཟད་པར་གྱུར།
གནས་ཚུལ་དེ་སྐོར་གཡེང་བྱེད་བཞིན་པའི་དཔལ་མགོན་རྫོང་སྤྱི་བདེ་ཅུས་ཀྱི་ལས་རོགས་ཉེན་རྟོག་པ་གཉིས་ཀྱིས་མཐོང་རྗེས། འཕྲལ་མར་རླངས་འཁོར་ནས་བབས་ཏེ་ཁོང་ལ་འཁོར་ལོ་བརྗེ་རོགས་བྱས། འཁོར་ལོ་བརྗེས་ཚར་རྗེས་ཉེན་རྟོག་པ་གཅིག་གིས་སྐུ་ཞབས་ཧྥེང་ལགས་སྐྱོར་བ་དང་ཉེན་རྟོག་པ་གཞན་དེས་ཁོང་གི་རྡོག་ཁྲེས་ཁྱེར་ནས་“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞབས་ཞུའི་ས་ཚིགས”སུ་བསྐྱལ་ཏེ་གསོ་རླུང་རྔུབ་ཏུ་བཅུག་པ་དང་ཆུ་ཚ་པོ་ལག་ཏུ་སྤྲད།
ཉིན་ཤས་སོང་རྗེས“མི་ཡུལ་གྱི་བརྩེ་སེམས་མཚོན་པའི་དཔལ་མགོན་ཉེན་རྟོག་པས་དམངས་ལ་ཞབས་ཞུ་རྣམ་དག་སྒྲུབ”ཅེས་བྲིས་པའི་གོས་དར་ཞིག་ས་ཚིགས་སུ་བསྐུར་ཡོད།
ས་ཚིགས་དེ་བཙུགས་དོན་ནི་2023ལོའི་དམངས་འཚོའི་དཀའ་གནད་ཅིག་ནས་གླེང་དགོས། ལོ་དེའི་ཡུལ་སྐོར་བྱེད་མང་བའི་དུས་སུ་རྒྱལ་ལམ་317དུ་རླངས་འཁོར་མང་དུ་ཕྱིན་ཏེ་དཔལ་མགོན་རྫོང་གྲོང་གི་མགྲོན་ཁང་ནས་ཁང་པ་གཅིག་ཀྱང་རག་གི་མེད་པས། ཡུལ་སྐོར་བ་ཁག་གཅིག་ལམ་འགྲམ་དང་ཐང་ཆེན་དུ་ཞག་སྡོད་བྱེད་དགོས་བྱུང་། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་དཔལ་མགོན་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་བཅས་ཡིན་པའི་འཇིགས་མེད་ཀྱིས་གནས་ཚུལ་དེར་དོ་སྣང་ཆེན་པོ་བྱུང་། རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་དེ་ཉིན་སྐབས་བསྟུན་ཚོགས་ཆུང་གི་བེད་མེད་ཁང་པ་3“སྤྱི་བདེའི་དམངས་ཕན་ས་ཚིགས”སུ་སྒྱུར་བཀོད་བྱ་རྒྱུའི་ཐག་བཅད་པ་རེད། ཉལ་ཁྲི་སྒྲིག་པ་དང་ཆུ་ཚ་པོ་བསྐོལ་ནས་དཔལ་མགོན་གྱི་ཁྲོམ་གཞུང་དུ་གནས་སྐབས་སྡོད་ས་མེད་པར་གྱར་བའི་མི་ཚང་མར་ཆར་གཡོལ་རླུང་གཡོལ་བྱེད་ས་ཞིག་དང་ཆུ་ཚ་པོ་འཐུང་ས་ཞིག་ཡོད་པར་བྱས་ཡོད།
ཕྱིས་སུ་མི་མང་དུ་ཕྱིན་པ་དང་བསྟུན་ནས་གསོ་རླུང་རྔུབ་ས་དང་། གཟུགས་པོ་འཁྲུ་ས། ཁ་ལག་བཟོ་ས། རླངས་འཁོར་ཉམས་བཟོ་བྱེད་ས། ས་མཐོའི་མྱུར་སྐྱོབ་བྱེད་ས། བོར་དངོས་ལེན་ས་སོགས་ཀྱི་དགོས་མཁོ་ཡང་མང་དུ་ཕྱིན་ཡོད། རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་སྤྱི་བདེ་ཅུས་ཀྱིས་སྔོན་ལ་མ་དངུལ་སྒོར་ཁྲི་10ལྷག་ཙམ་བཏང་བ་དང་། 2024ལོར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན། རྫོང་ཨུད་དྲིལ་བསྒྲགས་པུའུ། རྫོང་སྤྱི་ཁྱབ་བཟོ་ཚོགས། རྫོང་ཁྲིམས་འཛིན་ཅུས་སོགས་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་60ཙམ་བཏང་ནས་ཚད་ལྡན་ཅན་གྱི་འགྲུལ་ཁང་དུ་བརྗེས་པ་དང་། ལོ་དེར་ས་ཚིགས་དེར“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞབས་ཞུའི་ས་ཚིགས”ཞེས་དངོས་སུ་མིང་བཏགས་པ་རེད།
ད་ཆ་འདི་གར་འགྲུལ་ཁང་6དང་། ཉལ་ཁྲི་18 ཆུ་ཚོད་24ཡི་གསོ་རླུང་རྔུབ་སའི་སྒྲིག་ཆས། སྤྱི་པའི་འཁྲུད་ཁང་། དམངས་ཕན་རང་འདོད་ཐབ་ཚང་། འཕྲལ་སྡོམ་བཟའ་བཅའ་ལེན་ཁུལ་བཅས་ཚང་མ་ཡོད་པ་མ་ཟད། ལོ་འཁོར་མོར་རྩམ་པ་དང་མར་ཡང་མཁོ་འདོན་བྱས་པར་བརྟེན་ཐོ་འགོད་དེབ་ཀྱང་ཇེ་མཐུག་ཏུ་འགྲོ་བཞིན་ཡོད།
ཧུའུ་པེའི་ཡུལ་སྐོར་བ་ལིའུ་ཝུའེ་ཡིས་སྦག་སྦག་སྤྱི་ལེ་7000ལྷག་ཙམ་བཏང་ནས་དཔལ་མགོན་དུ་ཡོང་བ་དང་། དཔལ་མགོན་ནས་མ་ཐོན་གོང་ཁོང་གིས་དྲན་འཆར་དེབ་ནང“དེ་ནི་ང་རྡོག་ཐོན་བྱས་ནས་ཟླ་བ་གསུམ་སོང་ཚུན་འཕྲད་པའི་ས་ཆ་ཡག་ཤོས་དེ་ཡིན། དེ་གར་གློག་དང་། ཆུ་ཚ་པོ། ཐབ་ཚང་བཅས་གང་དགོས་ཅི་འདོད་ཡོད་ལ། ཁང་པའི་ཉལ་ཁྲི་ཡང་ཧ་ཅང་གཙང་མ་འདུག”ཅེས་བྲིས་ཡོད། རྒན་ཡོལ་ཞུས་པའི་དགེ་རྒན་ཀའོ་ལི་ཕིང་གིས་སྒེར་འཁོར་ལེ་དབར་ཁྲི་ཕྲག་ཁ་ཤས་བཏང་ནས་བོད་དུ་ཡོང་བ་དང་། ཁོང་གིས་ཀྱང་གྱང་ངོས་སུ“བྱང་ཐང་གི་ལྟེ་བའི་རྫོང་གྲོང་ཆུང་ཆུང་དེས་ཡུལ་སྐོར་བར་སྙིང་ཉེ་པོ་དེ་འདྲ་བྱེད་པ་ངའི་བསམ་ཡུལ་ལས་འདས་སོང”ཅེས་བྲིས་ཡོད། ཡང་ཐེན་ཅིན་གྱི་ཡུལ་སྐོར་བ་ཚའེ་ཅུན་བཟའ་ཚོ་གཉིས་ཀྱིས་ཕུལ་བའི་གོས་དར་ཐོག“དམངས་གཅེས་ཀྱི་བྱམས་སེམས་ལས་མི་ཡུལ་གྱི་སྐལ་བཟང་མེ་ཏོག་མཛེས་ཤོས་བཞད་ཐུབ”ཅེས་བྲིས་ཡོད།
མིག་སྔའི་བར། ས་ཚིགས་དེར་གོས་དར་27འབྱོར་བ་དང་དྲན་འཆར་གྱང་ངོས་སུ་ཐུགས་རྗེ་ཆེ་དང་སྨོན་ཚིག་350ལྷག་ཙམ་བཞག་ཡོད། ས་ཚིགས་ཀྱིས་རིམ་རྩིས་བརྒྱབ་ན་མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བ་མི་ཐེངས་5300ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། ཞག་སྡོད་ཐག་གཅོད་བྱེད་པ་ནས་གསོ་རླུང་རྔུབ་ས་དང་། གཟུགས་པོ་འཁྲུ་ས། ཟ་ཁང་། འཕྲལ་སྡོམ་རོགས་སྐྱོབ་ཁུལ་བཅས་མཁོ་འདོན་བྱེད་པའི་བར་གྱི་འགྱུར་ལྡོག་དེ་དག་ཟིན་བྲིས་སུ་བཀོད་ཡོད་ལ་གྱང་ངོས་སུ་ཡང་བཞག་ཡོད།
རྒྱལ་ལམ་317སྔར་བཞིན་སྒོ་འགྲམ་ནས་བརྒྱུད་དགོས་པ་དང་། ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་ཁ་ལོ་བ་དང་འགྲུལ་པ་ཚོ་སྔར་བཞིན་ས་ཚིགས་སུ་ངལ་གསོ་བར་ཡོང་གི་ཡོད། ཐོ་འགོད་དེབ་ནང་ཡང་མི་མང་པོ་ཞིག་གི་མིང་གསར་དུ་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།