ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པའི་ཐོན་ལས་དང་ཐོན་རྫས་ཀྱི་འགྲེམས་ཚོང་བྱེད་སྒོ་སྤེལ་བ།
ཟླ་9ཚེས་2ཉིན། ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པའི་ཐོན་ལས་འགྲེམས་སྟོན་དང་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད།
སྔ་དྲོའི་ཆུ་ཚོད་10པར། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཐིང་དང་ཅུས་ཀྱི་འགན་འཁུར་བས་མཉམ་དུ་འགྲེམས་ཚོགས་ལ་སྐོར་ཞིབ་གནང་བ་དང་འབྲེལ་སྐྱིད་གྲོང་གི་“8·26”ཆུ་རུད་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཡང་ཞུས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“རིག་སྐོར་དམངས་ཕྱུག ཐོན་ལས་བོད་དར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་འགྲེམས་ཁང་དང་པོའི་ཐོན་ལས་འགྲེམས་ཁུལ་དང་འགྲེམས་ཁང་གཉིས་པའི་ཐོན་རྫས་འགྲེམས་ཚོང་ཁུལ་བཀོད་སྒྲིག་བྱས་ཡོད། འགྲེམས་ཁང་དང་པོས“4+4+X”ཡི་དེང་རབས་ཐོན་ལས་མ་ལག་ལ་དམ་པོར་དམིགས་ནས་ཐོན་ལས་སྒྲིལ་གླེང་དང་། ས་མཐོའི་ཡང་བའི་བཟོ་ལས། ཆིང་ཡང་ཐོན་ལས། མཐའ་མཚམས་ཚོང་དོན་ཟོག་འགྲུལ། དམའ་དབྱིངས་དཔལ་འབྱོར། བོད་ཀྱི་གསོ་བ་རིག་པ། འཛུགས་སྐྲུན་རྒྱུ་ཆ། གྲངས་འཛིན་དཔལ་འབྱོར། དེང་རབས་ཞབས་ཞུའི་ལས་རིགས། ལྗང་མདོག་གཏེར་ལས། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་བཅས་འགྲེམས་ཁུལ་13བཀོད་སྒྲིག་བྱས་ནས་རང་ལྗོངས་ཀྱི་གཙོ་གནད་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་བསྟན་ཡོད། འགྲེམས་ཁང་2པར་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་། ལྗོངས་ཕྱིའི་སྤུས་ལེགས་ཐོན་རྫས། ནང་འདྲེན་ཐོན་རྫས་བཅས་འགྲེམས་ཁུལ་ཆེ་གྲས་3ཡོད་པར་བོད་ཀྱི་མཁོ་ཚོང་དང་། ས་མཐོའི་ལྗང་མདོག་ཚན་རྩལ། རྒྱལ་སྤྱིའི་འགྲེམས་ཁུལ། ས་མཐོའི་སྐྱེ་དངོས་ཀྱི་གསོ་རིག་སྨན་རྫས། ས་མཐོའི་ཁྱད་ལྡན་འཐུང་བྱ། ས་མཐོའི་ལག་ཤེས་རིག་གནས་བསམ་བཀོད། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། ས་མཐོའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་བཅས་ཁྱད་ལྡན་འགྲེམས་ཁང་8དང་དེ་བཞིན་ཚད་ལྡན་ཁྲོམ་བཀྱག་265བཀོད་སྒྲིག་བྱས་པར་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་392འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།