“སྐམ་ཆུ་མཁའ”གསུམ་ནས་རོགས་སྐྱོབ་ལས་དོན་ཧུར་ཐག་སྤེལ་བ།

འདི་ནི་ཟླ་9ཚེས་3ཉིན་རོགས་སྐྱོབ་མི་སྣས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ལྟེ་བའི་ཁུལ་དུ་འཚོལ་སྐྱོབ་བྱེད་བཞིན་པ།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་ཀྱི་ལན་ཐང་ལི་རང་རི་བོའི་བྱང་ངོས་ཀྱི་འཁྱགས་རོམ་གློ་བུར་དུ་མཐོ་ངོས་ནས་ཉིལ་ཏེ་ཆུ་རུད་ཐོན་པས། སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ནས་འགག་སྒོ་དེ་མ་ཉིད་དུ“ཁེར་ཆགས་གླིང་ཕྲན”ལ་གྱུར།
གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་བསྐྱོད་སའི་ལམ་དང་། ཆུ། འཕྲིན་བརྡ་བཅས་ཆད་པས། འཚོལ་སྐྱོབ་ལས་དོན་སྤེལ་བ་དེ་ཡང་དུས་ཚོད་དང་རང་བྱུང་གི་བཀག་རྒྱ་ལ་འགྲན་བསྡུར་བྱེད་པའི་གདོང་མཆོང་ཞིག་ཏུ་གྱུར་པ་རེད།
བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། ཀྲུང་གོ་རོགས་སྐྱོབ་རུ་ཁག ཀྲུང་གོ་ཨན་ནེང་། མཐའ་མཚམས་ཞིབ་བཤེར། སྤྱི་བདེ། མེ་གསོད་སོགས་རིགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་འཕྲལ་མར་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་བསྡུ་རུབ་བྱས།
མཁའ་ལམ། བཙན་འགག་བསྒྲལ་ནས་ཚེ་སྲོག་གི་བགྲོད་ལམ་བཏོད་པ།
གནོད་འཚེ་ཐོན་རྗེས། མཁའ་ཐོག་སྟོབས་ཤུགས་ཀྱིས་མགྱོགས་མྱུར་བཀའ་ལན་དང་ལེན་ཞུས། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་20ཙམ་ལ་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་གིས་མི་མེད་གནམ་གྲུ་ཞིག་བཏང་ནས་སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་གྱི་ས་ཁོངས་སུ་གནོད་འཚེའི་གནས་ཚུལ་རྩད་ཞིབ་བྱས། དེ་དང་དུས་མཉམ་དུ་འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་ཙི་ཀུང་དང་བོད་ལྗོངས་གཞིས་རྩེར་རྒྱུན་སྡོད་ཀྱི“དབྱི་ལུང”རྟགས་ཅན་གྱི་མི་མེད་གནམ་གྲུ་གཉིས་ཛ་དྲག་རོགས་སྐྱོར་བྱེད་པར་བཏང་བ་དང་། སྒུལ་བདེའི་སྦྲེལ་ཚུགས་དང་སྲུང་སྐར་འཕྲིན་གཏོང་མ་ལག་ཁྱེར་ནས་གེགས་ཁུལ་གྱི་མཁའ་ཐོག་ཏུ་སྐབས་འཕྲལ་གྱི་འཕྲིན་བརྡ་ཁྱབ་པར་བྱས།
ཚེས་27ཉིན། སྐྱེལ་འདྲེན-20རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཤིག་ལྷོ་ནུབ་ཀྱི་གནམ་ཐང་ཞིག་ནས་འཕུར་ཏེ་ནུབ་རྒྱུད་འཐབ་ཁུལ་གྱི་མཛུབ་ཁྲིད་ཚོགས་ཆུང་བླུགས་ནས་གཞིས་རྩེའི་ཕྱོགས་སུ་འཕུར། བོད་དམག་ཁུལ་ཁང་གི་སྐམ་དམག་མཁའ་འགྲུལ་ལུའེ་ཤོག་ཅིག་གིས་ཐད་འཕུར་གནམ་གྲུ་2སྐྱིད་གྲོང་གྲོང་རྡལ་དུ་བཏང་ནས་གནོད་འཚེའི་གནས་ཚུལ་རྩད་ཞིབ་དང་མཁའ་ལམ་གྱི་འཆར་འགོད་ལས་འགན་བསྒྲུབས།
ཚེས་27ཉིན་གྱི་ཆུ་ཚོད་0དང་སྐར་མ་48ལ། རང་རྒྱལ་གྱི་ནུས་རྒྱུའི་ལས་གྲྭའི་ཆེད་སྤྱོད་སྲུང་སྐར་ཐོག་མ“གློག་སྐྲུན་དང་པོ”རྟགས་ཅན་གེགས་ཁུལ་དུ་འབྱོར་བ་དང་། ལེ་ཏའི་རྒྱང་ཚོར་བརྙན་པར་ཁག་དང་པོ་བླངས་ཏེ་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་ལ་ལག་རྩལ་གྱི་གཞི་འཛིན་ས་མཁོ་འདོན་བྱས།
གནོད་འཚེའི་གནས་ཚུལ་ཁོང་དུ་ཆུད་རྗེས་རོགས་སྐྱོབ་སྟོབས་ཤུགས་སྐྱེལ་འདྲེན་ལས་དོན་འཕྲལ་མར་སྤེལ། རོགས་སྐྱོབ་ཀྱི་ཐོག་མའི་དུས་སུ་གནམ་གཤིས་ཀྱི་ཆ་རྐྱེན་དང་རི་སླར་ཡང་ཉིལ་བའི་ཉེན་ཁ་ཡོད་རྐྱེན། ཐད་འཕུར་གནམ་གྲུ་དེ་གར་བསྐྱོད་པར་ཆ་རྐྱེན་དེ་ཙམ་འཛོམས་མེད། ཐེག་ཚད་ཆེ་བའི་མི་མེད་གནམ་གྲུ་མང་པོས་ལྟེ་བའི་ཁུལ་དུ་སྒྲིག་ཆས་དང་དངོས་ཟོག་སྔོན་ལ་སྐྱེལ་འདྲེན་བྱེད་པ་དང་། དམིགས་བསལ་གྱི་ས་དབྱིབས་ཆ་རྐྱེན་འོག་མི་མེད་གནམ་གྲུས་ད་དུང་མི་སྣ་མགྱོགས་མྱུར་བརྒྱུད་འདྲེན་བྱས་པས་ལྟེ་བའི་ཁུལ་དུ་སྐྱོད་པའི་དུས་ཚོད་ཐུང་དུ་བཏང་ཡོད།
ཉིན་མོ་གནམ་གཤིས་ཅུང་ཡག་པོ་བསྟན་པའི་སྐབས་དང་བསྟུན་ནས་ཐད་འཕུར་གནམ་གྲུས་རྒྱུན་མཐུད་ངང་ལྟེ་བའི་ས་ཁོངས་སུ་རོགས་སྐྱོབ་མི་སྣ་དང་། འཕྲིན་གཏོང་སྒྲིག་ཆས། ཆེད་ལས་སྒྲིག་ཆས། འགན་ལེན་དངོས་ཟོག་བཅས་ཐེངས་མང་དབོར་ཡོད། ཟླ་9ཚེས་2ཉིན་བར་ཐད་འཕུར་གནམ་གྲུ་ཐེངས་24འཕུར་ནས་ལྟེ་བའི་ས་ཁོངས་སུ་རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་བཅས་དབོར་བ་དང་མི་མེད་གནམ་གྲུ་ཐེངས་800ལྷག་ཙམ་འཕུར་ནས་དངོས་ཟོག་ཏུན་5.43དབོར་ཡོད།
སྐམ་ལམ། སྨི་རེ་རེ་བྱས་ནས་ཚེ་སྲོག་བགྲོད་ལམ་མདུན་ཕྱོགས་སུ་བཟོས་པ།
ཟླ་9ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། སྐྱིད་གྲོང་འགག་སྒོའི་ལྟེ་བའི་གནོད་འཚེ་ཕོག་པའི་ས་ཁོངས་ཀྱི་རྒྱལ་ལམ་216སྤྱིར་ན་ཤར་གཏོང་ཐུབ་ཡོད། རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་བཅས་སྐམ་སའི་བགྲོད་ལམ་བརྒྱུད་ལྟེ་བའི་ཁུལ་དུ་འབྱོར་ཏེ་ཕྱོགས་ཡོངས་ནས་འཚོལ་སྐྱོབ་དང་བཙལ་འཚོལ་ཞིབ་ཚགས་བྱས་ཡོད།
འགག་སྒོ་དང་བར་ཐག་སྤྱི་ལེ་1.1ཡོད་པའི་ས་ནས་རོགས་སྐྱོབ་བགྲོད་ལམ་ཤར་གཏོང་ཐུབ་པའི་བར་ཆུ་ཚོད་40ལྷག་ཙམ་འགོར་ཡོད། དེའི་ནང་གི་སྨི་རེ་རེ་ནི་རོགས་སྐྱོབ་དཔུང་ཁག་གིས་དཀའ་སྤྱད་སྡུག་རུས་བྱས་ནས་བཟོས་པ་ཞིག་རེད།
ཟླ་8ཚེས་26ཉིན། སྐྱིད་གྲོང་འགག་སྒོར་སྐྱོད་སའི་རྒྱལ་ལམ་216ཆུ་རུད་ཀྱིས་རྦད་དེ་འཁྱེར་ཡོད། རྡོ་ཆེན་པོ་དང་། བྱེ་འདམ་སོགས་ཀྱིས་རིམ་པ་བཞིན་དུ་བཀབ་པ་དང་། ལྕགས་ཀྱི་ལམ་སྐྱོར་ཀྱོག་ཀྱོག་བཟོས་ནས་བཅད་པ། ལམ་གཞི་སྤྱིར་ན་ཆུས་ཟད་ནས་འགྲོ་སྐྱོད་དཀའ་བར་གྱུར།
ཚེས་27ཉིན་གྱི་ཞོགས་པ་སྔ་པོ་ནས་མི་19ལས་གྲུབ་པའི་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་སྐྱིད་གྲོང་གྲོང་རྡལ་ལ་བི་གྲོང་ཚོ་ནས་ཐོན་ཏེ་བྲག་རི་གཟར་པོ་བརྒལ་ནས་རི་ཉིལ་བ་དང་། རྡོ་ཟགས་པ། གཡང་ལ་ལྷུང་བ་བཅས་གློ་བུར་དུ་ཐོན་སྲིད་པའི་ཉེན་ཁར་མི་འཛེམས་པར་ཆུ་ཚོད་8ཙམ་རིང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མདུན་སྐྱོད་བྱས་རྗེས་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་འབྱོར་ནས“ཁེར་ཆགས་གླིང་ཕྲན”དུ་སྐྱོད་མཁན་སྟོབས་ཤུགས་ཁག་དང་པོར་གྱུར་ཡོད།
བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མི་24སྐོང་བསྡུ་བྱས་ནས་གདོང་མཆོང་འཕྲལ་སྒྲུབ་ཚོགས་ཆུང་བཙུགས་ཏེ་གནོད་འཚེ་ཕོག་པའི་ས་ཁོངས་ཀྱི་འདམ་རྙོག་སྲབ་སར་ཡོངས་ཁྱབ་འཚོལ་ཞིབ་བྱས་ཡོད།
ཚེས་28ཉིན་གྱི་ཆུ་ཚོད་16དང་སྐར་མ་30ཡི་ཐོག་སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཁྲེང་ཏུའུ་སྐམ་སའི་འཚོལ་སྐྱོབ་རུ་ཆེན་དང་ལྷ་ས་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་ཉིང་ལག་རུ་ཁག་སྐམ་སའི་འཚོལ་སྐྱོབ་རུ་ཁག་ལྟེ་བའི་ཁུལ་དུ་སྐྱོད་སྔ་ཤོས་ཀྱི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ལ་གྱུར་ཡོད།
མི་སྣ་མདུན་ཕྱོགས་སུ་བཏང་བ་དང་ཆབས་ཅིག“ཚེ་སྲོག་བགྲོད་ལམ”སྟེ་རྒྱལ་ལམ་216ཤར་གཏོང་ཐུབ་པ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་གྱུར་ཡོད།
ཟླ་9ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཙམ་ལ། སྐམ་སའི་བགྲོད་ལམ་སྤྱིར་ན་མྱུར་བཟོ་ཐུབ་ཡོད། འོན་ཀྱང་སྐབས་དེར་དགའ་འབོད་བྱེད་མཁན་མེད། ཚང་མས་ལམ་ཤར་གཏོང་ཐུབ་པས་རོགས་སྐྱོབ་མུ་མཐུད་བྱེད་བཞིན་ཡོད།
ཆུ་ལམ། ཐག་པ་སྤྱད་ནས་ཚེ་སྲོག་བགྲོད་ལམ་བཏོད་པ།
ཉིན་ཤས་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་སྐྱིད་གྲོང་གཙང་པོའི་ཆུ་ཤུགས་རྒྱུན་གཏན་ལས་ཆེ་བ་ཡོད་སྟབས་སྤྱིར་བཏང་གི་ཆུ་ཁོངས་སུ་རོགས་སྐྱོབ་ནུས་པའི་མཐའ་ཚད་ལས་བརྒལ་ཡོད། ཆ་རྐྱེན་མི་ལེགས་པའི་མདུན་དུ། ཟླ་8ཚེས་28ཉིན་རོགས་སྐྱོབ་མི་སྣས་ཕྱོགས་གཅིག་ནས་ཐག་པར་བརྟེན་ནས་གཙང་པོ་སྒྲོལ་ཏེ་རྙོག་འཛིང་ཆེ་བའི་ཆུ་ཁོངས་བརྒལ་བ་དང་། ཕྱོགས་གཞན་ཞིག་ནས་འགྱིག་གྲུ་བསྡད་ནས་གཙང་པོའི་ཕྱོགས་སུ་བསྐྱོད་ཡོད།
ཐག་པར་བརྟེན་ནས་གཙང་པོ་སྒྲོལ་སར་མེ་གསོད་རོགས་སྐྱོབ་མི་སྣ་གཙང་པོའི་ཕར་ངོགས་སུ་བསྐྱལ་རྗེས་ངོགས་གཉིས་ཀྱི་ས་དབྱིབས་ལ་བརྟེན་ཏེ་ཐག་པར་འཁྱུད་ནས་གཙང་པོ་སྒྲོལ་ས་བཙུགས་ཡོད། གཙང་པོ་སྒྲོལ་མཁན་གྱིས་ཐག་པར་འཁྱུད་ནས་ཆུ་ངོས་སུ་བསྐྱོད་དེ་ཆུ་གཞུང་གི་རླབས་དྲག་སར་སྐྱོད་སྐབས་གཙང་པོ་སྒྲོལ་མཁན་ཆུ་བོའི་རླབས་ཀྱིས་དིམ་པ་དང་ཕར་ངོགས་ཀྱི་རོགས་སྐྱོབ་མི་སྣ་ཆུ་ཤུགས་ཆེན་པོས་འདྲུད་ནས་རྐང་པའང་ཚུགས་མི་ཐུབ་པར་གྱུར་ནའང་ལག་ནང་གི་ཐག་པ་གཏན་ནས་གློད་མེད། ཆུ་བོའི་ངོགས་སུ་ཡོད་པའི་རུ་མིས་དུས་གཅིག་ཏུ་ཐག་པ་དམ་པོར་བཟུང་ནས་ཆུ་གཞུང་གི་རུ་གྲོགས་ཚོ་ག་ལེར་ཕར་ངོགས་སུ་འཐེན།
མི་རིང་བའི་སར་འགྱིག་གྲུ་མང་པོ་ཞིག་ཆུའི་ནང་བཏང་། སྐྱིད་གྲོང་གཙང་པོའི་ཆུ་ཤུགས་ཆེ་ལ་ཆུ་རྒྱུག་སར་རྡོ་ཧྲུག་མང་པོ་ཡོད། འགྱིག་གྲུ་ཆུ་ལ་བཏང་མ་ཐག་ཆུ་བོ་དྲག་པོས་འགྱིག་གྲུར་ཤུགས་ཀྱིས་རྡེག་ཅིང་། རོགས་སྐྱོབ་མི་སྣ་མང་པོས་ངེས་པར་དུ་དུས་གཅིག་ཏུ་བདེ་འཇགས་ཐག་པ་ཤུགས་ཀྱིས་བཟུང་པས་གཞི་ནས་གྲུ་གཟིངས་མགོ་རྟིང་མ་ལོག་ཙམ་བྱུང་ཡོད།
ཆུ་ལམ་གྱི་འཚོལ་སྐྱོབ་རུ་ཁག་གི་རུ་སྣེ་ཁྲིད་མཁན་ལས་བྱེད་པ་སྤེན་པ་ཚེ་རིང་གིས་གསར་འགོད་པར། ཆུ་རྒྱུག་སར་བྱེ་འདམ་བསགས་པའི་རྐྱེན་གྱིས་གྲུ་གཟིངས་ཆུང་གྲས་ལམ་ཐིག་ཧྲིལ་པོར་སྐྱོད་ཐབས་བྲལ་བར་བརྟེན་རོགས་སྐྱོབ་མི་སྣས་གྲུ་གཟིངས་བཞག་ནས་གྲམ་ངོགས་དང་ཆུ་འཁྱིལ་སར་ལེབ་བཤེར་རྣམ་པའི་འཚོལ་ཞིབ་བྱས་ཡོད་ཅེས་བཤད།
ཚེས་28ཉིན་གྱི་ཆུ་ཚོད་17ཙམ་ལ། འགྱིག་གྲུ་ཐོག་མ་དེ་ཆུ་ཚོད་ཁ་ཤས་རིང་དཀའ་སྤྱད་བྱས་མཐར་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་བདེ་བླག་ངང་སླེབས་ཡོད།
མཁའ་ཐོག་ནས་དངོས་ཟོག་སྐྱེལ་འདྲེན་བྱས་པ་དང་། སྐམ་ས་ནས་འགྲོ་ལམ་ཤར་གཏོང་བྱས་པ། ཆུ་ཐོག་ནས“བཀག་སྡོམ”ལས་སྒྲོལ་བ་བཅས་བྱས་ཏེ“སྐམ་མཚོ་མཁའ”གསུམ་གྱིས་སྐྱིད་གྲོང་ལུང་ཤུར་དུ་ཁ་ཕྱོགས་གཅིག་ལ་དམིགས་ཤིང་། སྟོབས་ཤུགས་དེ་བས་མང་བ་ལྟེ་བའི་ཁུལ་དུ་བསྐྱོད་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འབྲེལ་བ་ཆད་པའི་མི་སྣ་ཚང་མ་འཚོལ་སྐྱོབ་བྱེད་བཞིན་ཡོད།
གསར་འགོད་པའི་ཟིན་བྲིས།
ཟླ་9ཚེས་2ཉིན་གྱི་ཆུ་ཚོད་17དང་སྐར་མ་19ཙམ་ལ། རྒྱལ་ལམ་216མྱུར་བཟོ་ཐུབ་པའི་ཉིན་དེའི་ཕྱི་དྲོར་ང་དང་ལས་རོགས་ཐད་གཏོང་གི་བརྙན་མིག་མདུན་དུ་ལངས་ནས་བསྡད་པ་ཡིན། ང་ཚོའི་རྐང་འོག་ནི་ད་ལྟ་རང་ཆུ་རུད་ཀྱི་ཞིག་རོའི་ཁྲོད་མྱུར་བཟོ་ཐུབ་པའི་ལམ་བུ་དང་། རྒྱབ་ཕྱོགས་ནི་གློག་གསོད་མ་མྱོང་བའི་སྔོག་འཁོར་གྱི་ལྡིར་སྒྲ་ཡིན་ལ། མདུན་ཕྱོགས་སུ་མངོན་པ་ནི་འདམ་རྫབ་ཀྱིས་བཀབ་པའི་འགག་སྒོའི་ཞིག་རོ་རེད།
ཉིན་དེ་དག་རིང་ངས་རང་ནུས་ཡོད་རྒུས་འཚོལ་སྐྱོབ་བྱེད་མཁན་མང་དག་ཅིག་མཐོང་བྱུང་། སྔོག་འཁོར་གཏོང་མཁན་གྱིས་མདུན་ཕྱོགས་ཀྱི་ཤར་གཏོང་ཐུབ་པའི་ལམ་བུར་ལྟ་བཞིན་ཡུན་རིང་སྨྲ་བ་མེད་པར་ལུས། མེ་གསོད་རོགས་སྐྱོབ་རུ་མིའི་ལུས་པོ་ཆ་ཚང་འདམ་རྫབ་ཀྱིས་ཁེངས་ཀྱང“ཐག་སྣེར་འཐེན་མཁན་ཡོད་པས་ང་ཚོ་གཞི་ནས་ཕར་ངོགས་སུ་འབྱོར་ཐུབ་བྱུང”ཞེས་པ་དེ་ལས་གཞན་གང་ཡང་མ་བཤད།
བཅར་འདྲི་བྱེད་རིང་། དེ་གར་དཀའ་ལས་ཁག་གི་འདུག་ཅེས་ཤོད་མཁན་སུ་གཅིག་ཀྱང་མེད། ཐད་འཕུར་གནམ་གྲུའི་འཕུར་སྐྱོད་པས“གནམ་གཤིས་ཡག་པོ་མེད་ནའང་འཕུར་དགོས”ཞེས་བཤད་པ་དང་། འཚོལ་སྐྱོབ་མི་སྣས“འདམ་རྫབ་གཏིང་རིང་པོ་ག་ཚོད་ཡོད་ཀྱང་འགྲོ་དགོས”ཞེས་བཤད། བགྲོད་ལམ་མྱུར་བཟོ་བྱེད་མཁན་གྱིས“སྨི་རེ་རེ་བྱས་ནས་མདུན་དུ་ལམ་བཤངས་འགྲོ་དགོས”ཞེས་བཤད། སྐད་ཆ་དེ་དག་ཆེས་སྤྱིར་བཏང་ཞིག་ཡིན་ནའང་རྣ་བར་ཐོས་དུས་ལྗིད་ཏིག་ཏིག་གི་ཚོར་སྣང་ཞིག་ཡོང་གི་འདུག
སྡོད་གནས་སུ་ལོག་པའི་ལམ་བར་ལ་ངའི་བསམ་པར་རྩོམ་ཡིག་འདིའི་ནང་བྲིས་པའི་ཡིག་འབྲུ་རེ་རེ་ནི་རོགས་སྐྱོབ་ཀྱི་འཐབ་ས་དང་པོའི་དཀའ་ངལ་དང་ཉེན་ཁའི་ཁྲོད་དུ་འགྱིང་ངེར་ལངས་པའི་རོགས་སྐྱོབ་མི་སྣ་དག་ལས་བྱུང་བ་ཤ་སྟག་རེད་སྙམ་བྱུང་། འོན་ཀྱང་ངས་བྱེད་ཐུབ་པ་ནི་སྨྱུ་གུ་དང་བརྙན་ཤེལ་སྤྱད་དེ་ཁོང་ཚོའི་གཏམ་རྒྱུད་ལུང་ཤུར་ནས་ཕྱིར་གྲགས་རྒྱུ་དེ་ལས་མ་འདས།
འབྲེལ་ཡོད་གསར་འགྱུར།