འགག་སྒོ་ལས་ཁུངས་འདིའི་ལས་སྒྲུབ་བྱེད་ས་སྤོ་མཁན་རེད་འདུག
2026ལོའི་ཟླ་9ཚེས་3ཉིན། གཉའ་ལམ་རྫོང་མི་དམངས་སྲིད་གཞུང་ནས་སྤྱི་བསྒྲགས་སྤེལ་བར་གཞིགས་ན། 2026ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་10པ་ནས་བཟུང་། འགྲམ་འགག་སྒོའི་འགག་སྒོ་ལས་ཁུངས་དང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་གྱི་ལས་སྒྲུབ་བྱེད་ས་འགྲམ་གྱི་སྔོན་མའི་ནང་འདྲེན་དངོས་ཟོག་ཞིབ་བཤེར་ཁུལ་དུ་སྤོ་རྒྱུ་རེད། དེར་བརྟེན་རྒྱལ་སྒོའི་མཛའ་གྲོགས་ཟམ་པ་ནས་ཞིབ་བཤེར་བྱེད་ས་གསར་པའི་བར་གྱི་འགྲོ་ལམ་དེ་འགག་སྒོའི་ཚོད་འཛིན་དོ་དམ་ས་ཁོངས་དང་ལྟ་འདོམས་ཁུལ་ལ་གཏན་འཁེལ་བྱས་ནས་དོ་དམ་དང་ཚོད་འཛིན་བྱ་རྒྱུ་རེད། རྒྱལ་མཚམས་ནས་འཛུལ་གྲོལ་བྱེད་མཁན་རྣམས་རང་དགར་ཚོགས་པ་ནས་ཁ་བྲལ་བ་དང་། ག་ས་ག་ལ་སྐྱོད་པ། ལམ་བར་དུ་རླངས་འཁོར་ནས་འབབ་པའམ་འཛེགས་པ། དམིགས་བཙུགས་ས་ཁོངས་ནས་བྲལ་བ། རྒྱལ་མཚམས་ནས་འཛུལ་གྲོལ་བྱེད་མཁན་མིན་པའི་མི་སྣ་དང་དངོས་རྫས་བརྗེ་རེས་བྱེད་པ། འབྲེལ་ཡོད་ལས་དོན་མི་སྣ་ཕུད་པའི་མི་གཞན་དག་དང་འབྲེལ་བ་བྱེད་པ་དང་། ཆོག་མཆན་མ་ཐོབ་པར་ལམ་དེའི་རྒྱུད་དུ་རླངས་འཁོར་ཁ་བཀག་པ་དང་། རླངས་འཁོར་ནས་འབབ་པ། དངོས་ཟོག་འབེབ་འཇུག་བཅས་བྱེད་མི་རུང་ལ་རང་གི་ཅ་དངོས་གང་བྱུང་དུ་གཡུག་མི་རུང་། དེ་བཞིན་འབྲེལ་མེད་ཀྱི་མི་དང་རླངས་འཁོར་དེའི་རྒྱུད་དུ་གཏོང་མི་ཆོག ཞིབ་བཤེར་ལ་གཞོགས་འདེགས་མི་བྱེད་པ་དང་རང་དགར་ཁ་བྲལ་བའམ་ཡང་ན་ས་ཁོངས་གཞན་དུ་བསྐྱོད་དེ་རིམས་ནད་འགོ་བའམ་བདེ་འཇགས་ལས་འཛོལ་གྱི་ཉེན་ཁ་བཟོས་ན་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དེ་མཚུངས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།