དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རོགས་སྐྱོབ་ལམ་བུ་གཤོང་བར་གཟའ་འཁོར་1འགོར་དོན་གང་ཡིན་ནམ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-09-04

    ཟླ་8ཚེས་26ཉིན་གནོད་འཚེ་ཐོན་རྗེས། སྐྱིད་གྲོང་འགག་སྒོའི་ལྟེ་བའི་ཁུལ་དུ་འགྲོ་སའི་རྒྱལ་ལམ་216རྦད་དེ་རྩ་མེད་དུ་སོང་ཡོད། རོགས་སྐྱོབ་མི་སྣས་ཉིན་ཤས་བསྟུད་མར་ལམ་བུ་བཤོངས་བའི་ལས་ལ་ཞུགས་ཀྱང་། ཟླ་9ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་གཞི་ནས་རོགས་སྐྱོབ་འགྲོ་ལམ་སྤྱིའི་ཆ་ནས་བཟོ་ཐུབ་ཙམ་བྱུང་ཡོད།

    འགྲོ་ལམ་གཤོང་བར་གཟའ་འཁོར་གཅིག་འགོར་དོན་གང་ཡིན་ནམ། དེའི་ཐད་ལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཉིན་ཤས་བསྟུད་མར་ས་ཡུལ་དངོས་སུ་འབྲེལ་ཡོད་མི་སྣར་བཅར་འདྲི་བྱས་ཏེ་རྒྱུ་རྐྱེན་དྲིས་པ་ཡིན།

    བོད་ལྗོངས་ཨན་ནེང་ཅུས་གསུམ་པའི་བཀོད་འདོམས་དཔོན་གཞོན་པ་ཀྲོའུ་ཀང་གིས། གནོད་འཚེ་ཐོན་རྗེས། གཙང་པོ་རྒྱས་པ་དང་ཆུ་ཁ་མཐོ་རུ་ཤུགས་ཆེན་ཕྱིན་པས་སྔར་ཡོད་ཀྱི་ལམ་གཞི་སྤྱིའི་ཆ་ནས་ཆུ་རུད་ཀྱིས་ཁྱེར་ཡོད། དེར་བརྟེན་བྲག་རྡོ་ཆེན་པོས་ཟུར་ནས་སྐྱོར་བ་དང་དཀྱིལ་དུ་ས་རྡོ་བརྒྱངས་ཏེ་ལམ་འགོ་ནས་བཟོ་རྒྱུ་ལས་ཐབས་ཤེས་གཞན་མེད་ཅེས་ངོ་སྤྲོད་བྱས།

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་འགག་སྒོ་དང་བར་ཐག་སྤྱི་ལེ་1.7ཡོད་སའི་མཚམས་ཀྱི་ཆུ་ལམ་ཧྲིལ་པོ་འདམ་སྙིགས་དང་བྲག་རྡོས་འགངས་ཡོད་པ་དང་། སྔར་ཡོད་ཀྱི་ལམ་གཞིར་བྱེ་འདམ་མཐུག་པོས་ཁེངས་ཡོད་པ་དང་མཐུག་ཤོས་ལ་སྨི་2ལྷག་ཙམ་ཡོད་པ་མཐོང་བྱུང་།

    “མདུན་དུ་སྨི་གཅིག་སོང་བར་ཡང་དཀའ་ངལ་ཧ་ཅང་ཆེན་པོ་འདུག ལམ་བཟོ་སྐབས་ཆུ་རྒྱུག་ཤུགས་ཆེ་བས་བརྒྱངས་པའི་ས་རྡོ་མང་ཆེ་བ་ཆུས་འཁྱེར་འགྲོ་བ་དང་། ད་དུང་བརྟན་པོ་མེད་པའི་རི་ལྡེབས་དང་གད་པ་སོགས་ཀྱིས་ཉེན་སེལ་ལས་ཀར་ཉེན་ཁ་དང་དཀའ་ངལ་ཆེན་པོ་བཟོ་གི་འདུག”ཅེས་ཀྲུང་གོ་ཨན་ནེང་ཁྲུང་ཆིང་རོགས་སྐྱོབ་རུ་ཁག་གི་བཀོད་འདོམས་པ་ཧྥེང་ཀྲུང་ཧྭ་ཡིས་བཤད།

    དེ་དང་ཆབས་ཅིག འགྲོ་ལམ་མྱུར་བཟོ་བྱ་ཡུལ་ནི་ཧི་མ་ལ་ཡའི་ཧ་ཅང་གཏིང་རིང་ལ་གུ་དགོ་པའི་གྲོག་རོང་ཁུལ་ཡིན་ཞིང་། གཞོགས་གཅིག་ལ་རི་གཟར་པོ་དང་གཞོགས་གཅིག་ལ་དྲག་ཏུ་རྒྱུག་པའི་གཙང་པོ་ཡོད་པར་བརྟེན་འགྲོ་ལམ་མྱུར་བཟོར་བར་ཆད་མང་པོ་འཕྲད་ཀྱི་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ས་ཡུལ་དངོས་སུ་གུག་ཆ་ཁག་གཅིག་གི་ཞེང་ཚད་སྨི་གསུམ་བཞི་ཙམ་ལས་མེད་པས། སྔོག་འཕྲུལ་གཅིག་ལས་འགྲོ་མི་ཐུབ་པས་མྱུར་བཟོ་མགྱོགས་པོ་བྱེད་ཐུབ་ཀྱི་མེད་པ་མཐོང་བྱུང་།

    “འཕྲལ་སྒྲུབ་རོགས་སྐྱོབ་སྟོབས་ཤུགས་འདང་ངེས་ཡོད་རུང་། ལས་ཀ་བྱེད་པའི་ས་རྒྱ་མེད་ཅིང་། འདི་གར་སྔོག་འཕྲུལ་དང་བླུག་འཁོར་བཅུ་ཕྲག་ཡོད་ཀྱང་གུ་དོག་པས། འགྲོ་ས་རྩ་བ་ནས་མེད”ཅེས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲི་ཀྲང་ནོར་བུ་ཚེ་རིང་གིས་བཤད།

    འགག་སྒོ་དང་བར་ཐག་སྤྱི་ལེ་1ཙམ་གྱི་སར་གུག་ཆ་ཆེན་པོ་ཞིག་ཡོད་པ་དེ་ནི་ད་ཐེངས་ཀྱི་མྱུར་བཟོའི་ལས་དོན་ལ་འཕྲད་པའི་དཀའ་ལས་ཆེ་ཤོས་ཤིག་རེད། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་དེ་གའི་ལམ་གཞི་རྦད་དེ་ཆུ་རུད་ཀྱིས་ཁྱེར་བ་དང་། ལམ་དཀྱིལ་དུ་ཞེང་ཚད་སྨི་གསུམ་བཞི་ཙམ་ཟིན་པའི་བྲག་རྡོ་ཆེན་པོས་བཀག་ཡོད་ལ་དྲག་ཏུ་རྒྱུག་པའི་ཆུ་ལམ་དུ་གྱུར་ནས་དེ་སྔའི་འགྲོ་ལམ་གྱི་ཤུལ་ཙམ་ཡང་མཐོང་རྒྱུ་མེད། ཉེན་སེལ་མི་སྣས་ཆུ་ཤུགས་ཤིན་ཏུ་ཆེ་བའི་གུག་ཆར་ལམ་བཟོ་བ་ནི་ཧ་ཅང་དཀའ་ཚེགས་ཆེ་ལ་ཉེན་ཁ་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།