“བཟོ་ལས་ཉི་ནུས”འཆར་གཞི་བཏོན་ནས་ཐོན་ལས་ཧྲིལ་པོའི་འཕེལ་རྒྱས་ཀྱི་འཁོར་འབྲེལ་བཀོད་སྒྲིག་བྱས་པ།
ཨེ་ཅིབ་ཀྱིས་ནུས་རྒྱུའི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
ཀྲུང་ཨེའི་འོད་ཤུགས་གློག་གཏོང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ།
ཉེ་དུས། ཨེ་ཅིབ་སྲིད་གཞུང་གིས“བཟོ་ལས་ཉི་ནུས”ཀྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཆེད་དོན་འཆར་གཞི་བཏོན་ནས། རྒྱལ་ཡོངས་ཀྱི་བཟོ་གྲྭ་7000ཙམ་གྱི་ཐོག་ཁར་ཁྱབ་ཚུལ་འོད་ཤུགས་གློག་ཁང་སྒྲིག་སྦྱོར་བྱ་རྩིས་ཡོད་པར་སྔོན་དཔག་བྱས་ན་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཅི་ཝ་1ཟིན་ནས་དབྱར་དུས་ཀྱི་གློག་སྤྱོད་མང་བའི་སྐབས་ཀྱི་གློག་མཁོ་འདོན་གྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་། ཁེ་ལས་ཀྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་བ། བཟོ་ལས་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད། དབྱེ་ཞིབ་བྱས་ནས་ངོས་འཛིན་བྱས་དོན། བྱེད་ཐབས་དེ་ནི་ཨེ་ཅིབ་ཀྱིས་འོད་ཤུགས་གློག་གཏོང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་བ་དང་ནུས་རྒྱུའི་གྲུབ་ཆ་ལྗང་མདོག་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བཀོད་པ་གསར་ཤོས་ཤིག་ཡིན་པ་དེ་ཐོག་ནས་རྒྱལ་ཁབ་དེའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་འཕེལ་རྒྱས་དེ་བཟོ་ལས་ཀྱི་མཐའ་སྣེའི་རྣམ་པར་སྔར་བས་སྣུར་སྲིང་ཐུབ་པ་མཚོན་ཡོད།
ཨེ་ཅིབ་ཏུ་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་ནུས་རྒྱུ་གསར་པ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་ཤོས་ཀྱི་ཁྲོམ་རའི་གྲས་ཤིག་རེད། ཨེ་ཅིབ་གཞུང་ཕྱོགས་ཀྱི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2026ལོའི་ལོ་སྟོད་བར། རྒྱལ་ཁབ་དེའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཅི་ཝ་9.5ཙམ་ཟིན་པའི་ནང་ཉི་ནུས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཅི་ཝ་3.5ཟིན་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཀ་རྟེན་ཆེ་ཤོས་སུ་གྱུར་ཡོད། ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་ཆེད། ཨེ་ཅིབ་ཀྱིས་རྩེ་རིམ་ཇུས་འགོད་དང་སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་རྒྱུན་མཐུད་བརྒྱབ་ཡོད། རྒྱལ་ཁབ་ཀྱི་ནུས་རྒྱུའི་འཐབ་ཇུས་གཞིར་བཟུང་། ཨེ་ཅིབ་ཀྱིས་2030ལོར་སླེབས་སྐབས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུས་གློག་ཤུགས་གྲུབ་ཆའི་ཁྲོད་བཟུང་བའི་བསྡུར་ཚད་42%ཡན་བར་མཐོ་རུ་གཏོང་རྒྱུ་དང་། 2040ལོར་སླེབས་སྐབས་60%ཡན་བར་མཐོ་རུ་གཏོང་རྒྱུ་རེད། 2025ལོ་དང2026ལོའི་ནོར་སྲིད་ལོ་འཁོར་དུ། ཨེ་ཅིབ་སྲིད་གཞུང་གིས་གློག་ཤུགས་དང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་ལ་ཨ་སྒོར་དུང་ཕྱུར་28ཙམ་བཏང་བ་དེ་ནོར་སྲིད་ལོ་འཁོར་གོང་མའི་ཨ་སྒོར་དུང་ཕྱུར་15ཙམ་གྱི་གཞི་ཁྱོན་ལས་ལྡབ་འཕར་བྱུང་ཡོད།
“བཟོ་ལས་ཉི་ནུས”འཆར་གཞི་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ཨེ་ཅིབ་སྲིད་གཞུང་གིས་ཞིབ་མཆན་འགོད་པའི་བརྒྱུད་རིམ་དང་། མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར། བཀོལ་སྤྱོད་བདག་སྐྱོང་ཞབས་ཞུ་སོགས་ཕྱོགས་མང་པོའི་ཐད་ནས་ལྷན་སྦྱར་གྱི་རྒྱབ་སྐྱོར་བྱས་ཡོད། ས་གནས་དེ་གའི་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ན། གློག་འདོན་ཤུགས་ཆན་ཝ་500ལས་དམའ་བའི་འོད་ཤུགས་མ་ལག་ལ་མགྱོགས་མྱུར་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྤྱད་པས། བཟོ་གྲྭས་དམིགས་བསལ་ཆོག་འཐུས་མི་དགོས་པར་འོད་ཤུགས་གློག་འདོན་དྲ་སྦྲེལ་རང་སྤྱོད་ཆོག་པས་འཆར་གཞི་དེའི་ནང་ཞུགས་པའི་ཐོག་ཁའི་འོད་ཤུགས་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་དུས་འཁོར་ཐུང་དུ་ཤུགས་ཆེན་ཕྱིན་པ་དང་འཛུགས་སྐྲུན་གཉེར་སྐྱོང་གི་མ་གནས་དམའ་རུ་ཕྱིན་ཡོད།
ཕུན་སུམ་ཚོགས་པའི་ཉི་ནུས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཨེ་ཅིབ་ཀྱིས་གཅིག་སྡུད་རྣམ་པའི་གསར་སྤེལ་དང་ཁྱབ་ཚུལ་རྣམ་པའི་བཀོལ་སྤྱོད་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ་འོད་ཤུགས་གློག་གཏོང་གི་ཁྱབ་རྒྱ་རྒྱུན་མཐུད་ཆེ་རུ་བཏང་ཡོད། གཅིག་སྡུད་རྣམ་པའི་གློག་ཁང་གི་བཀོད་སྒྲིག་ཐད་ཨེ་ཅིབ་ཀྱིས་བྱེ་ཐང་ཐོན་ཁུངས་ལ་བརྟེན་ནས་གཞི་ཁྱོན་ཅན་གྱི་འོད་ཤུགས་རྟེན་གཞི་བསྐྲུན་ཡོད། ཨེ་ཅིབ་ལྷོ་རྒྱུད་ཀྱི་ཨ་སི་དབང་ས་ཁུལ་དུ་ཆར་པ་འབབ་ཉུང་བ་དང་ཉི་འོད་ཕུན་སུམ་ཚོགས་པས་འོད་ཤུགས་གློག་གཏོང་འཕེལ་རྒྱས་གཏོང་བའི་ས་ཁོངས་འཚམ་ཤོས་ཤིག་རེད། ཨ་སི་དབང་ཞིང་ཆེན་ཉི་ལུའོ་གཙང་པོའི་ནུབ་ངོགས་ཀྱི་བྱེ་ཐང་ཁུལ་དུ་གནས་པའི་པོན་པན་འོད་ཤུགས་ཐོན་ལས་གླིང་གི་ས་ཁྱོན་སྤྱི་ལེ་ངོས་གྲུ་37ཟིན་པ་དེ་ཉི་ནུས་གློག་གཏོང་བཟོ་གྲྭ་41ལས་གྲུབ་པའི་གློག་ཤུགས་ཕྱོགས་བསྡུས་རྣམ་པ་ཞིག་ཡིན་པ་དང་འཆར་འགོད་བྱས་པའི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཅེ་ཝ་1.5ལས་བརྒལ་ཡོད། ཐོན་ལས་གླིང་དེ་རྣམ་གྲངས་ས་ཁོངས་32ལ་ཕྱེ་བ་དང་མིག་སྔར་ཁེ་ལས་30ལྷག་ཙམ་གསར་སྤེལ་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས“ཨ་རབ་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད་གསར་སྤེལ་ཡག་ཤོས་ཀྱི་བྱ་དགའ”ཐོབ་སྟེ་ཨེ་ཅིབ་ཀྱིས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་འདུ་འགོད་ཅིག་ཏུ་གྱུར་ཡོད། ཁྱབ་ཚུལ་འོད་ཤུགས་རྣམ་པ་སྤྱོད་རྒྱ་ཆེ་རུ་གཏོང་བའི་ཐད། བཟོ་ལས་བཟོ་ཁང་ཕུད་ཨེ་ཅིབ་ཀྱིས་ད་དུང་གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་བཀོད་དང་སྡེ་ཁུལ་གསར་པ་སོགས་སུ་རིམ་གྱིས་ཁྱབ་པར་བྱས་ནས་བེད་མེད་དུ་ལུས་པའི་ཐོན་ཁུངས་ཀྱི་གློག་གཏོང་བའི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཡོད།
ཀྲུང་ཨེ་རྒྱལ་ཁབ་གཉིས་པོས་འོད་ཤུགས་གློག་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བའི་ནང་གློག་ཁང་འཛུགས་སྐྲུན་དང་། སྒྲིག་ཆས་མཁོ་སྤྲོད། ལག་རྩལ་རྒྱབ་སྐྱོར། རང་ས་ཅན་གྱི་བཟོ་སྐྲུན་སོགས་ཚུད་ཡོད། པོན་པན་གྱི་འོད་ཤུགས་ཐོན་ལས་གླིང་ནས་ཨ་སི་དབང་ཁང་ཨོང་པོ་འོད་ཤུགས་གློག་ཁང་བར། ཀྲུང་གོའི་ཁེ་ལས་ཨེ་ཅིབ་ཀྱི་འོད་ཤུགས་རྣམ་གྲངས་མང་པོའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། ད་ལོའི་ལོ་འགོར་གཉེར་སྐྱོང་བྱེད་འགོ་ཚུགས་པའི“རྩེ་རྣོན་རྡོ་རིང་གྲུ་བཞིའི”འོད་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་ནི་མིག་སྔར་ཨེ་ཅིབ་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་ནུས་གསོག་གཞི་གཅིག་ཅན་གྱི་གློག་ཁང་ཞིག་ཡིན་པས་ཁྱིམ་ཚང་ཁྲི་160ཙམ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།
(འདི་ག་ཚགས་པར་ཁང་དུ་ཁེ་རོ་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།