འགྲོ་ས་མེད་ན་འགྲོ་ས་ཡོད་པའི་ལམ་ཞིག་གཤོང་རྒྱུ་རེད།
ཟླ་8ཚེས་28ཉིན་གྱི་ཆུ་ཚོད་16དང་སྐར་མ་30ཙམ་ལ། ཆུ་ཚོད་བརྒྱད་ལྷག་ཙམ་དཀའ་སྤྱད་མདུན་སྐྱོད་བྱས་པ་བརྒྱུད། ཀུའོ་ཞི་ཆིང་དང་རུ་མི་20ལྷག་ཙམ་སྐྱིད་གྲོང་འགག་སྒོའི་རྒྱལ་སྒོའི་ས་ཁོངས་སུ་འབྱོར་ཞིང་། ཁོང་ནི་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་གསོད་རོགས་སྐྱོབ་རུ་ཁག་སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་མེ་གསོད་རུ་མི་ཞིག་ཡིན་ལ། གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་འབྱོར་སྔ་ཤོས་ཀྱི་ཆེད་ལས་རོགས་སྐྱོབ་མི་སྣའི་གྲས་ཤིག་ཀྱང་རེད།
ཚེས་31ཉིན། ཀུའོ་ཞི་ཆིང་གིས་ཉིན་དེ་དག་རིང་གི་རོགས་སྐྱོབ་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་བཞིན“ང་རང་མེ་གསོད་རོགས་སྐྱོབ་ལས་ཀ་བྱས་ནས་ལོ་20ལྷག་ཙམ་འགྲོ་གི་འདུག རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་གནོད་འཚེ་དེ་འདྲ་འཕྲད་མྱོང་མེད”ཅེས་གསར་འགོད་པར་བརྗོད།
འདི་ནི་འགྲོ་ས་མེད་པའི“ལམ”ཞིག་སྟེ། གཞོགས་གཅིག་ནི་ཉིལ་ཆོག་ཆོག་གི་བྲག་རྡོ་དང་། གཞོགས་གཞན་ཞིག་ནི་ཤིན་ཏུ་གཟར་བའི་གྲོག་རོང་རེད། ཆ་སྙོམས་ས་བབ་སྨི་3000ཟིན་པའི་སར་གསོ་རླུང་ཤིན་ཏུ་དཀོན་ཞིང་རུ་མི་ཚོ་མདུན་དུ་རེ་ཞིག་བསྐྱོད་ཚེ་དབུགས་ཧད་ཀྱི་ཡོད་ལ། འདམ་རྫབ་ཀྱིས་ཁེངས་ནས་འདྲེད་བརྡབ་ཤོར་ཉེན་ཆེ་བའི་གྱེན་གཟར་པོར་འཛེག་དགོས་པ་དང་རྡོ་ཧྲུག་ཆད་མེད་ལྷུང་བཞིན་ཡོད། ལམ་བར་དུ་སྨི་ཉིས་བརྒྱ་སུམ་བརྒྱ་ཟིན་པའི་དར་འཕྱང་གཡང་ངོས་ཡོད་པས། མདུན་དུ་སྐྱོད་སྐབས་ཐག་པར་བརྟེན་ནས་འབབ་དགོས་ཤིང་། ཀུའོ་ཞི་ཆིང་གིས“འགྲོ་ས་མེད་ན་འགྲོ་ས་ཡོད་པའི་ལམ་ཞིག་གཤོང་རྒྱུ་རེད”ཅེས་བརྗོད།
མདུན་སྐྱོད་ལམ་བུ་དཀའ་ཚེགས་ཆེ་ཞིང་། རྒྱལ་སྒོའི་ས་ཁོངས་སུ་འབྱོར་རྗེས་ཀྱི་རྣམ་པ་དེ་མཐོང་སྐབས། དེ་བས་མི་ཚང་མ་བློ་མི་བདེ་བར་གྱུར།
ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་དེ་སྔའི་སྐྲུན་དངོས་དག་སྤྱིར་ན་ཤུལ་མེད་དུ་གྱུར་ནས་སྐྲུན་དངོས་ཀྱི་སྒྲོམ་གཞི་ཡང་མཐོང་རྒྱུ་མེད། ས་ངོས་སུ་འདམ་རྫབ་མཐུག་པོ་དང་རྡོ་ཧྲུག་གིས་ཁེངས་ནས་འདམ་རྫབ་མང་པོ་ཕུང་གསོག་ཐེབས་ཡོད། སྐྱིད་གྲོང་འགག་སྒོའི་ཐོག་ཁང་དེ་ཡང་ལྕགས་རྩིབས་ཀྱི་སྒྲོམ་གཞི་ལས་ལུས་མེད་པ་མ་ཟད་འཁྱོག་ནས་བཟོ་ལྟའང་རྦད་དེ་ཤོར་ཡོད།
རོགས་སྐྱོབ་མི་སྣས་སྒྲིག་ཆས་ཁྱེར་ཏེ་འཕྲལ་དུ་རོགས་སྐྱོབ་བྱེད་འགོ་ཚུགས་ཤིང་། ཆུ་ལམ་དང་གྲམ་སར་ཕ་བོང་ཆེན་པོས་ཁེངས་པ་དང་འདམ་རྫབ་གཏིང་རིང་ཤོས་སྐེད་པའི་མཚམས་སུ་སླེབས་ཀྱི་ཡོད། མདུན་དུ་གོམ་པ་སྤོ་རིམ་བཞིན་འདམ་རྫབ་ནང་དིམ་ཉེན་ཆེ་བས། མཉམ་དུ་གོམ་པ་སྤོས་ནས་མདུན་དུ་སྐྱོད་པར་ངེས་པར་དུ་ཐག་པར་བརྟེན་དགོས་ཤིང་། ཀུའོ་ཞི་ཆིང་གིས“འཚོལ་སྐྱོབ་བྱེད་སྐབས་མི་གཉིས་ཡན་མཉམ་དུ་བྱ་སྤྱོད་སྤེལ་དགོས་ཀྱི་ཡོད། ཕན་ཚུན་འཐེན་རོགས་བྱས་ན་གཞི་ནས་བདེ་འཇགས་འགན་ལེན་བྱེད་ཐུབ”ཅེས་བརྗོད།
སྔ་རྗེས་སུ་སྐྱིད་གྲོང་འགག་སྒོའི་རྒྱལ་སྒོའི་ས་ཁོངས་སུ་འཚོལ་བཤེར་ཐེངས་གཉིས་བྱས་མོད། འོན་ཀྱང་རོགས་སྐྱོབ་མི་སྣས་ལྷོད་གཡེང་སྤུ་ཙམ་བཏང་མེད།
ཟླ་8ཚེས་30ཉིན་གྱི་ཆུ་ཚོད་11ཙམ་ལ། འཁྱིལ་མཚོ་ལུད་པའི་ཉེན་ཁ་ཡོད་པ་ལྟ་ཞིབ་ཚད་ལེན་བྱས་ནས་སྔོན་དཔག་ཐུབ་པས། བདེ་འཇགས་འགན་ལེན་བྱ་ཆེད། གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་འབྱོར་སྔ་ཤོས་ཀྱི་རོགས་སྐྱོབ་མི་སྣ་སྐྱིད་གྲོང་འགག་སྒོའི་རྒྱལ་སྒོའི་ས་ཁོངས་ནས་ཕྱིར་འཐེན་བྱས་པ་དང་། ངལ་གསོ་ཏོག་ཙམ་བརྒྱབ་རྗེས། ཁོང་ཚོ་མུ་མཐུད་འཚོལ་སྐྱོབ་ལས་དོན་ནང་ཞུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།