སྐྱིད་གྲོང་འགག་སྒོའི་རྒྱལ་སྒོར་སྐྱོད་སའི་མཐའ་མཇུག་གི་ལམ་དུམ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་བཞིན་པ།
ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་བཀའ་བསྒུགས་ནས་ལམ་སེང་གཞི་ཁྱོན་ཆེ་བའི་འཚོལ་སྐྱོབ་བྱ་རྩིས་ཡོད་པ།

འདི་ནི་ཟླ་9ཚེས་1ཉིན། ཀྲུང་གོ་ཨན་ནེང་རོགས་སྐྱོབ་སྟོབས་ཤུགས་ཀྱིས་སྐྱིད་གྲོང་འགག་སྒོའི་སྨི་700སའི་རྒྱལ་ལམ་216མྱུར་བཟོ་བྱེད་བཞིན་པ།
ཉིན་ཤས་བསྟུད་མར་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། རྒྱལ་ལམ་216སྐྱིད་གྲོང་འགག་སྒོའི་རྒྱལ་སྒོར་སྐྱོད་སའི་མཐའ་མཇུག་གི་ལམ་དུམ་སྔོན་དཔག་བྱས་ན་ཚེས་2ཉིན་གྱི་སྔ་དྲོར་མྱུར་བཟོ་ཐུབ་རྒྱུ་རེད། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་གཅིག་སྡུད་བྱས་ནས་བཀའ་སྒུག་སྟེ་གཞི་ཁྱོན་ཆེ་བའི་འཚོལ་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཉེར་ཡོད་པ་རེད།
གནོད་འཚེ་ཐོན་རྗེས། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས“ཆུ་ཐོག་དང་། སྐམ་ལམ། མཁའ་ཐོག”བཅས་གསུམ་ནས་མཉམ་དུ་སྐྱོད་ཡོད། འོན་ཀྱང་སྐྱིད་གྲོང་འགག་སྒོར་སྐྱོད་སའི་རྒྱལ་ལམ་216གི་ལམ་དུམ་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པས་གཞི་ཁྱོན་ཆེ་བའི་རོགས་སྐྱོབ་ལས་དོན་སྤེལ་བར་ཚད་བཀག་ཕོག་ཡོད། རོགས་སྐྱོབ་མི་སྣ་སྐབས་ཤིག་རིང་སྒྲིག་ཆས་ཆུང་གྲས་འཁྱེར་ཏེ་ཐག་པར་འཁྱུད་ནས་བབས་པ་དང་ཐད་འཕུར་གནམ་གྲུས་སྐྱེལ་བ་སོགས་ཀྱི་ཐབས་ཤེས་སྤྱད་དེ་གདོང་མཆོང་བྱ་རྒྱུ་ལས་མ་འདས། རོགས་སྐྱོབ་རླངས་འཁོར་དང་། འཕྲུལ་ཆས་ཆེ་གྲས། སྒྲིག་ཆས་ལྗིད་གྲས་སོགས་སྐྱིད་གྲོང་འགག་སྒོའི་རྒྱལ་སྒོའི་ས་ཁོངས་སུ་བསྐྱོད་ཁག་པོ་ཡོད་པ་རེད།
ཉིན་ཤས་བསྟུད་མར་འཕྲལ་སྡོམ་དོ་དམ་སྡེ་ཚན་རང་བྱུང་གནོད་འཚེའི་ལས་གྲྭའི་འཕྲལ་སྡོམ་མྱུར་སྐྱོབ་དང་རོགས་སྐྱོབ་ལྟེ་གནས(ཀྲུང་གོ་ཨན་ནེང)ཀྱིས་གཙོས་པའི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཆུ་ཚོད་24ཡི་རིང་བསྟུད་མར་ལས་ཀ་བྱས་ཏེ“མཐིལ་ལ་རྡོ་འདིང་བ་དང་། གཟེབ་རྡོས་ལམ་གཞི་བྱེད་པ། རགས་ཁ་བརྒྱུད་འདྲེན་བྱེད་པ། རིམ་པ་དབྱེ་ནས་རྒྱོང་བ། དུམ་བུ་བྱས་ནས་ས་བཅག་གཏོང་བ”བཅས་ཀྱི་ཐབས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་གདོང་མཆོང་དང་རྒྱུན་མཐུད་འགག་སྒྲོལ་བྱས་པས། སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་བསྐྱོད་སའི་འགག་ལམ་བརྟན་པོའི་ངང་གཤོང་བཞིན་ཡོད།
མཚན་མོ་འགྲོ་ལམ་མྱུར་བཟོ་བྱ་ཡུལ་དུ་ཆར་པ་ཆེན་པོ་བབས་ཀྱང་རོགས་སྐྱོབ་མི་སྣས་ལྷོད་གཡེང་སྤུ་ཙམ་ཡང་མ་བཏང་བར་ཆར་པའི་ཁྲོད་དུ་མུ་མཐུད་ལས་ཀ་བྱས་ཡོད། ཚེས་1ཉིན་གྱི་ཆུ་ཚོད་21ཙམ་ལ། ལམ་དུམ་ཁག་གཅིག་ཏུ་རླངས་འཁོར་ཤར་གཏོང་བྱེད་པར་སྔར་བཞིན་ཤུགས་རྐྱེན་ཕོག་ནའང་རོགས་སྐྱོབ་མི་སྣ་རྐང་ཐང་མར་སྐྱིད་གྲོང་འགག་སྒོའི་རྒྱལ་སྒོའི་ས་ཁོངས་སུ་སྐྱོད་ཐུབ་ནས་དེ་གོང་མཁའ་ཐོག་ནས་སྐྱེལ་བའི་རོགས་སྐྱོབ་མི་སྣ་དང་མཉམ་དུ་འཛོམས་ཡོད།
གསར་འགོད་པས་གནས་ཚུལ་གཏོང་སྤེལ་བྱེད་པའི་བར། རོགས་སྐྱོབ་མི་སྣས་སྔར་བཞིན་གང་མགྱོགས་མྱུར་བཟོ་བྱས་ཏེ་རྗེས་མཐུད་རོགས་སྐྱོབ་སྟོབས་ཤུགས་དེ་གར་ཡོང་བར་ཆ་རྐྱེན་བཟང་པོ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།