སྐྱིད་གྲོང་གེགས་ཁུལ་གྱི་གློག་ཤུགས་དང་འཕྲིན་གཏོང་འགན་ལེན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།
གཞིས་རྩེ་སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། ཉིན་ཤས་བསྟུད་མར་གློག་ཤུགས་དང་འཕྲིན་གཏོང་སྡེ་ཚན་གྱིས་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་མྱུར་བཟོ་བྱས་ནས་ཉེན་སེལ་བཀོད་འདོམས་བཀོད་གཏོང་དང་མང་ཚོགས་ཀྱི་གློག་དང་འཕྲིན་གཏོང་གི་དགོས་མཁོ་འགན་ལེན་བྱས་པ་རེད། མིག་སྔར་འགན་ལེན་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
གནོད་འཚེ་ཐོན་པ་ནས་བཟུང་། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་གཅིག་གྱུར་ཐོག་འཕྲལ་སྡོམ་ཉེན་སེལ་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་སྐྱིད་གྲོང་རྫོང་གི་རྒྱལ་ལམ་216གི་གཞུང་ལམ་མྱུར་བཟོ་བྱེད་པར་གློག་སྒྲོན་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་དང་ཆབས་ཅིག གློག་སྐུད་ནས་ཡང་བསྐྱར་གློག་གཏོང་ཐུབ་པར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་སྔ་རྗེས་སུ་སྐྱིད་གྲོང་རྫོང་དུ་འཕྲལ་སྡོམ་མཛོད་ཁང་དང་། གཙོ་གནད་རླངས་འཁོར་འཇོག་ས། སྐྱིད་གྲོང་གྲོང་རྡལ་གྱི་གནས་སྤོས་བྱ་ཡུལ་གྱི་གུར་32ལ་གློག་འཁྲིད་པ་སོགས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཡོད། མིག་སྔར་གནོད་འཚེ་ཕོག་ཁུལ་གྱི་ལྟེ་བའི་ཁུལ་དུ་གློག་ཤིང་མཐོ་གྲས་དང་མི་མེད་གནམ་གྲུའི་གློག་སྒྲོན་སོགས་རིགས་ཆེ་གྲས་དྲུག་གི་འཕྲལ་སྡོམ་གློག་སྒྲོན་སྒྲིག་ཆས་60ལྷག་ཙམ་ཡོད། རྒྱལ་ཁབ་གློག་དྲས་ཁྱབ་བསྒྲགས་བྱས་པར་གཞིགས་ན། རིམ་རྩིས་བརྒྱབ་ན་འཕྲལ་སྡོམ་འགན་ལེན་མི་སྣ་106བཏང་བ་དང་རིགས་ཁག་གི་གློག་ཤུགས་འགན་ལེན་སྒྲིག་ཆས་236བཀོལ་སྤྱོད་བྱེད་བཞིན་ཡོད། ཟླ་9ཚེས་1ཉིན་བར་ལྟེ་བའི་རོགས་སྐྱོབ་ཁུལ་དུ་སྐྱོད་སའི་རྒྱལ་ལམ་216མྱུར་བཟོའི་ལམ་དུམ་དུ་གློག་ཤུགས་མྱུར་བཟོའི་མི་སྣས་གློག་ཤིང་8བཙུགས་ཡོད། འཆར་གཞི་ལྟར་ན། གློག་ཤིང་40ཙམ་དང་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་རེད།
འཕྲིན་གཏོང་འགན་ལེན་ཐད་ཟླ་9ཚེས་1ཉིན་བར་རིམ་རྩིས་བརྒྱབ་ན་སྦྲེལ་ཚུགས་12སླར་གསོ་མྱུར་བཟོ་བྱས་ནས་འཕྲལ་སྡོམ་བཀོད་འདོམས་དང་། ཉེན་སེལ་རོགས་སྐྱོབ། དངོས་ཟོག་བཀོད་གཏོང་སོགས་གཙོ་གནད་ས་ཁོངས་ཀྱི་འཕྲིན་གཏོང་འགན་ལེན་བྱས་ཏེ་འཐབ་ས་དང་པོའི་གཞི་རྩའི་དགོས་མཁོ་བསྐངས་ཡོད།
འབྲེལ་ཡོད་གསར་འགྱུར།