དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-04

    ཚེས་2ཉིན་བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐྱིད་གྲོང་གྲོང་རྡལ་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཡོངས་བསྒྲགས་ཚོགས་འདུར་ཕེབས་ནས་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། གནོད་འཚེ་ཐོན་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་མཛུབ་ཁྲིད་ནུས་ལྡན་འོག་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་སྤྱི་འདོམས་ཀྱིས་མི་སྣ་འཚོལ་སྐྱོབ་དང་། འགྲོ་ལམ་མྱུར་བཟོ། རྗེས་འཇུག ཉེན་ཁ་འགོག་ཟོན་བཅས་ཀྱི་ལས་དོན་ཁག་དུས་གཅིག་ཏུ་སྤེལ་ཡོད། མིག་སྔར་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    ཀརྨ་ཚེ་བརྟན་གྱིས་ཉེན་སེལ་རོགས་སྐྱོབ་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཞིང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས་ཤིང་། མིག་སྔའི་བར་རིམ་རྩིས་བརྒྱབ་ན་རོགས་སྐྱོབ་སྟོབས་ཤུགས་མི་2300ལྷག་ཙམ་དང་། འཚོལ་སྐྱོབ་རླངས་འཁོར་ཐེངས་400ལྷག་ཙམ། འཚོལ་སྐྱོབ་སྒྲིག་ཆས(ཆ་ཚང)8000ལྷག་ཙམ། མི་མེད་གནམ་གྲུ་ཐེངས་800ལྷག་ཙམ་བཅས་བཏང་བ་དང་མཁའ་ཐོག་ནས་དངོས་ཟོག་ཏུན་5.43དབོར་འདྲེན་བྱས་པ་རེད། རིམ་རྩིས་བརྒྱབ་ན་མི་ཐེངས་336བཏང་ནས་ལྟེ་བའི་ཁུལ་དུ་ལེབ་བཤེར་རྣམ་པའི་འཚོལ་སྐྱོབ་བྱས་པར་འཚོལ་སྐྱོབ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་159.1ཟིན་ཡོད། ཟླ་9ཚེས་2ཉིན་གྱི་ཆུ་ཚོད་12བར། རིམ་རྩིས་བརྒྱབ་ན་རྐྱེན་ལམ་དུ་ཤོར་བའི་མི་21དང་དངོས་རྫས་847རྙེད་པ་དང་། མིག་སྔར་མི་541དང་སྔར་བཞིན་འབྲེལ་བ་ཆད་ཡོད་པ་རེད། བརྩེ་བ་ཟབ་ལ་ཞིབ་ཚགས་པའི་སྒོ་ནས་རྗེས་འཇུག་ལས་དོན་ཡག་པོ་བསྒྲུབས་ཏེ། རང་འགུལ་ངང་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་ཆད་མི་སྣའི་ནང་མི་དང་འབྲེལ་བ་བྱེད་པ་དང་། ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་སྣེ་ལེན་དང་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཆད་མི་སྣའི་ནང་མིར་ཞབས་ཞུའི་ཁ་པར་དུས་ཐོག་ཏུ་ཤར་གཏོང་ཐུབ་པ་བཅས་བྱས་ཡོད། ཟླ་9ཚེས་2ཉིན་གྱི་ཆུ་ཚོད་12བར་ནང་མིས་བརྒྱབ་པའི་ཁ་པར་ཐེངས་876འབྱོར་བའི་ནང་རྒྱལ་ནང་གི་ཁ་པར་ཐེངས་448འབྱོར་བ་དང་། ཕྱི་རྒྱལ་གྱི་ཁ་པར་ཐེངས་428འབྱོར་བ། ནང་མི་587ལ་སྣེ་ལེན་ཞུས་པ་དང་བཀོད་སྒྲིག་བྱས་པ་དེ་དག་འབྲེལ་ཆད་མི་སྣ་253དང་འབྲེལ་བ་ཡོད་པ་རེད།

    ཀརྨ་ཚེ་བརྟན་གྱིས། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཕྱོགས་ཁག་གི་སྟོབས་ཤུགས་ཕྱོགས་ཡོངས་ནས་སྤྱི་འདོམས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འཚོལ་སྐྱོབ་དང་རྗེས་འཇུག་སོགས་ཀྱི་ལས་དོན་ཁག་སྤེལ་རྒྱུ་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།