ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གྲོལ་མོལ་གནང་བ།

འདི་ནི་གྲོས་མོལ་མ་གནང་གོང་སའེ་ཤིས་ཀྱིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

འདི་ནི་གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མི་ཐབས་རིག་ནུས། དཔལ་འབྱོར་ཚོང་དོན། ཐོན་ལས་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཁེ་རོ་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་2ཉིན་གྱི་སྔ་དྲོར། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁེ་རོའི་ཉི་མའི་ཕོ་བྲང་དུ་གྲོས་མོལ་གནང་བ་རེད།
ཁེ་རོར་གནམ་དྭངས་ཤིང་ཉི་འོད་རབ་ཏུ་འཚེར་ཞིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ལ་བཞུགས་ནས་ཉི་མའི་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས། རྟ་དམག་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་དམག་མིའི་རོལ་ཆ་ཚོགས་པས་མགྲོན་བསུའི་རོལ་དབྱངས་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས་21བརྒྱབ། སའེ་ཤིས་དང་སྐུ་ཟླ་དབྱི་ཐི་སར་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།
སའེ་ཤིས་ཀྱིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁག་སོ་སོར་ཕ་རོལ་པོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་ནས་གུས་ལུགས་མཚོན་པར་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཉི་མའི་ཕོ་བྲང་གི་ཚོམས་ཆེན་དུ་ཕེབས་ནས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་མདུན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 1956ལོར་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁྲོད་ནས་ཀྲུང་གོ་གསར་པ་དང་འབྲེལ་བ་འཛུགས་སྔ་ཤོས་ནི་ཨེ་ཅིབ་ཡིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་བཙན་དོན་གཉེར་དང་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འགྲོ་ལམ་ཐོག་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ནས་གཞོམ་ཞིག་བྲལ་བའི་མཛའ་གྲོགས་ཟབ་མོ་ཆགས་ཡོད། ལོ་ངོ་70ཡི་རིང་དཀའ་སྡུག་མཉམ་མྱོང་བྱས་ནས་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་དང་། མཛའ་མཐུན་དང་དཔྱད་གཞིར་འཛིན་པ། ཕྱར་བ་གྲུ་འདེགས། མཉམ་ལས་གཉིས་ཕན”བཅས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་སྐྱེད་སྲིང་བྱས་པ་མ་ཟད་དེར་དཔང་པོའང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག་ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། གོང་འཕེལ་དར་རྒྱས་ཡོང་བ་དང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་ཀྱི་བྱ་གཞག་ཁྲོད་ཕྱོགས་གཉིས་པོའི་ལྟ་བ་མཐུན་ལ་འཐབ་ཇུས་ཀྱང་མཐུན་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་མདུན་དུ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཀྲུང་ཨེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨེ་ཕྱོགས་གཉིས་པོས་གཅིག་ནས་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་མཐོ་རིམ་དབར་གྱི་འགྲོ་འོང་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཉིས་ནས་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གློག་ཤུགས། ཞིང་ལས། འཕྲིན་གཏོང་ལག་རྩལ་སོགས་སྲོལ་རྒྱུན་ཁྱབ་ཁོངས་མཉམ་ལས་ཀྱི་གཏིང་ཤུགས་འདོན་པ། ལྗང་མདོག་ནུས་རྒྱུ་དང་། གློག་སྒུལ་རླངས་འཁོར། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། གྲངས་འཛིན་དཔལ་འབྱོར། དེང་རབས་ཞིང་ལས་ལག་རྩལ་སོགས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། གསུམ་ནས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རིག་གནས་དང་། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ལུས་རྩལ་སོགས་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་བ་བཅས་བྱེད་དགོས། བཞི་ནས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྒྲོལ་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འབད་འཐབ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་བདེ་འཇགས་སྲུང་དགོས། ལྔ་ནས་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་སྔར་བས་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཕྱོགས་རྐྱང་རིང་ལུགས་དང་ཧམ་ཤེད་སྤྱོད་ངན་ལ་ཐུན་མོང་ཐོག་ངོ་རྒོལ་བཅས་བྱས་ནས་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
སའེ་ཤིས་ཀྱིས་གསུངས་དོན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཅིབ་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་གི་ཡིན། ཨེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་མ་འཇོག་དང་། བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ཚན་རྩལ། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། དམག་དོན་བདེ་འཇགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མི་སྣ་འགྲོ་འོང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་སྐྲུན་པ། ས་ཁུལ་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བཅས་བྱེད་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་སྟེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་འབྲེལ་གཏུག་གཏིང་ཟབ་གནང་ཞིང་། ཞི་ཅིན་ཕིང་གིས་གསུངས་དོན། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་བཏང་ནས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ། དབུས་ཤར་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་གསར་པ་བསྐྲུན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞི་ཅིན་ཕིང་གིས་དེའི་ཐད་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནི་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས་ཤིང་། དབུས་ཤར་ས་ཁུལ་གྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱས་ནས་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཞི་བདེ་དང་བདེ་འཇགས་ཐད་ལ་སྐད་ཆ་ཤོས་རེས་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ས་ཁོངས་ནང་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་བསྐྱར་སྒྲིག་ལ་གྲོས་བསྡུར་བཅས་བྱས་ཏེ། མདུན་ལམ་དང་ལས་དབང་རང་ཉིད་ཀྱིས་སྟངས་འཛིན་བྱེད་དགོས། གཉིས་ནི་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། དབུས་ཤར་ས་ཁུལ་དུ་གླེང་ཆེ་བའི་གནད་དོན་མང་བ་དང་ཕན་ཚུན་དབར་འབྲེལ་བ་ཆེ་བས་ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས། ཕ་ལེ་སི་ཐན་གྱི་གནད་དོན་ནི་སྔར་བཞིན་དབུས་ཤར་གནད་དོན་གྱི་ལྟེ་བ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་དེར་སྣང་ཆུང་དང་མཐར་ལུས་སུ་འཇུག་མི་རུང་། གསུམ་ནི་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་དགོས་ན་རྩ་བ་འཕེལ་རྒྱས་ལ་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་གྲུ་ལམ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁུལ་དང་རྒྱལ་ཁབ་ཀྱི་ཁེ་ཕན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཕན་ཚུན་ཡིད་ཆེས་རིམ་བཞིན་ཟབ་ཏུ་གཏོང་བ་དང་གདོང་གཏུག་ཐོན་པའི་འབྱུང་རྩ་སེལ་དགོས། བཞི་ནི་ས་ཁུལ་ཐུན་མོང་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་རོགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ནི་དབུས་ཤར་ས་ཁུལ་གྱི་ལས་དོན་ཐག་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ས་ཁོངས་ཕྱིའི་རྒྱལ་ཁབ་ཆེན་པོས་ཚད་གཞི་ཉིས་བརྩེགས་དོར་ཏེ་ས་ཁུལ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱས་ནས། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ས་ཁུལ་གྱི་ལས་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་ཏན་ཏིག་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས།
སའེ་ཤིས་ཀྱིས་གསུངས་དོན། དབུས་ཤར་ས་ཁུལ་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་གཞུང་དྲང་གི་ལངས་ཕྱོགས་འཛིན་པར་ཨེ་ཅིབ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་འགལ་བ་དང་གདོང་གཏུག་བསལ་ཏེ། ས་ཁུལ་བདེ་འཇགས་དང་འཕེལ་རྒྱས་ཡོང་བར་བྱེད་ཀྱི་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དབུས་ཤར་གྱི་དུས་བབ་ཞི་ལྷོད་དུ་གཏོང་བ་དང་དབུས་ཤར་གྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཚོལ་ཞིབ་བྱེད་འདོད་ཡོད།
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མི་ཐབས་རིག་ནུས། དཔལ་འབྱོར་ཚོང་དོན། ཐོན་ལས་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་དཔང་པོ་གནང་བ་རེད། ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད། འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་ད་དུང་གྲངས་འཛིན་དཔལ་འབྱོར་དང་། ཚན་རྩལ། སློབ་གསོ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལྷག་ཙམ་ལ་མཚན་རྟགས་བཀོད་གནང་བ་རེད།
དེ་ཉིན་ཉིན་གུང་། སའེ་ཤིས་དང་དབྱི་ཐི་སར་གྱིས་ཉི་མའི་ཕོ་བྲང་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།