སེམས་གསོའི་ཐད་སྦྲེལ་ཁ་པར་འདི་བཀྲམ་འདུག
ཟླ་9ཚེས་2ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་དུ“8·26”ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་བོད་ཀྱི་སྨན་བཅོས་རོགས་སྐྱོབ་ཚོགས་ཆུང་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་དེ་མུར་ཞུགས་པ་དང་། ལྗོངས་ཡོངས་སུ་12356སེམས་ཁམས་རོགས་སྐྱོར་གྱི་ཐད་སྦྲེལ་ཁ་པར་བཀྲམ་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་དང་། རོགས་སྐྱོབ་མི་སྣ། ཁོང་ཚོའི་ནང་མི་སོགས་ལ་ཆེད་ལས་ཅན་གྱི་སེམས་ཁམས་རོགས་སྐྱོར་གྱི་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་རེད།
གནོད་འཚེས་སེམས་ལ་དངངས་སྐྲག་དང་སྡུག་བསྔལ་ཆེན་པོ་བཟོ་སྲིད་པར་དམིགས་ནས། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། གྲོང་རྡལ་བཅས་ཀྱི་རིམ་པ་བཞིའི་སེམས་ཁམས་རོགས་སྐྱོར་མ་ལག་དང་རྒྱང་ཁྲིད་བློ་འདྲིའི་ལམ་སྲོལ་བཙུགས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་འོག སེམས་ཁམས་རོགས་སྐྱོར་རིགས་གཅིག་མཁས་ཅན་210ལྷག་ཙམ་ཁག་གསུམ་ལ་བགོས་ནས་འཕྲལ་མར་འཐབ་ས་དང་པོར་བསྐྱོད་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་བོད་སྨན་གྱི་སྨན་པ་བཀའ་བཅུ་པའི་ཆེད་ལས་ཀྱི་ལེགས་ཆ་བཏོན་པ་མ་ཟད། ཕྱི་སྐད་ཅུང་ལེགས་པའི་སེམས་ཁམས་བློ་འདྲི་བའང་མངགས་ནས་ཕྱི་ཁོངས་ཀྱི་འབྲེལ་བ་ཆད་པའི་མི་སྣའི་ནང་མིར་ཆེད་མངགས་ཞབས་འདེགས་ཞུ་གི་ཡོད།
གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཚང་མར་ཉུང་མཐར་ཡང་སྨན་དོན་པ་4ཙམ་བཀོད་སྒྲིག་བྱས་ནས“སྨན་དོན་པ་ཡོད་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མི་སྣ་ཡོད་པ། སྐོར་སྐྱོད་སྨན་བཅོས་ཡོད་པ། སྨན་རྫས་འགན་ལེན་ཡོད་པ། སེམས་ཁམས་ཀྱི་རོགས་སྐྱོར་ཡོད་པ”བྱས་ཡོད། དེ་བཞིན་རྒྱ་བོད་ཤན་སྦྱར་གྱི《ཆུ་རུད་གནོད་འཚེའི་བཀོད་སྒྲིག་མང་ཚོགས་ཀྱི་སེམས་ཁམས་རོགས་སྐྱོར་ལག་དེབ》རྩོམ་འབྲི་བྱས་ནས། ཆེད་ལས་ཅན་གྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་སྡུག་བསྔལ་དང་སེམས་ནད་སེལ་ཐབས་བྱེད་ཀྱི་ཡོད། དེས་མ་ཚད་ནང་མི་ཁག་གཅིག་ལ“གཅིག་གཏད་གཅིག”གི་སེམས་ཁམས་རོགས་སྐྱོར་རྒྱུན་མཐུད་བྱེད་ཀྱི་ཡོད། ཟླ་9ཚེས་2ཉིན་གྱི་ཆུ་ཚོད་12བར་རིམ་རྩིས་བརྒྱབ་ན་མི་ཐེངས་966ལ་སེམས་གསོ་བཏང་བ་དང་སེམས་ཁམས་ལ་ཁྲིད་སྟོན་བྱས་ཡོད།
རོགས་སྐྱོབ་མི་སྣར་སེམས་ཁུར་ཆེན་པོ་བྱས་ཤིང་།《གནོད་འཚེའི་འཐབ་ས་དང་པོའི་རོགས་སྐྱོབ་མི་སྣའི་སེམས་ཁམས་རོགས་སྐྱོབ་ལག་དེབ》དང《བཀོད་སྒྲིག་ས་ཚིགས་ཀྱི་སྨན་དོན་པའི་སེམས་ཁམས་ལྟ་རྟོག་ལག་དེབ》རྩོམ་འབྲི་བྱས་ནས་འཐབ་ས་དང་པོའི་མི་སྣའི་དངངས་སྐྲག་འཇགས་ཐབས་དང་རང་གིས་རང་ལ་སེམས་གསོ་གཏོང་བར་ཁྲིད་སྟོན་བྱས་ཡོད།
གནོད་འཚེས་བཟོས་པའི་སེམས་སྡུག་ནི་གཟུགས་པོའི་རྨ་ཁ་ལས་དེ་བས་ལྕི་བ་དང་ཡུན་རིང་བ་ཡོད། དེར་བརྟེན་སེམས་སྡུག་གིས་མནར་བའི་མི་སྣར་ཆེད་ལས་ཀྱི་རོགས་རམ་བྱས་ཏེ་མགྱོགས་མྱུར་སེམས་ནད་སངས་ཐུབ་པ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།