སེམས་ཤུགས་མི་ཉམས་པར་མུ་མཐུད་མདུན་སྐྱོད་བྱེད།
སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་གདུང་སེམས་དྲག་པོས་མྱ་ངན་ཞུ་བའི་བྱེད་སྒོའི་ཟུར་བྲིས།
ཟླ་9ཚེས་1ཉིན་གྱི་སྔ་དྲོར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོ་ཡན་ལག་ཅུས་ཀྱི་སྒོ་རའི་ནང་སྒམ་ནན་གྱི་རྣམ་པས་ཁེངས་ཤིང་། སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་གདུང་སེམས་དྲག་པོས་མྱ་ངན་ཞུ་བའི་བྱེད་སྒོ་འདི་གར་སྤེལ་བཞིན་ཡོད།
ཟླ་8ཚེས་26ཉིན་གྱི་སྔ་དྲོ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད།
ཆུ་ཚོད་9དང་སྐར་མ་55ལ་ངག་བསྡམས་ནས་མྱ་ངན་ཞུ་འགོ་ཚུགས་ཤིང་། སྐབས་དེར་དུས་ཚོད་ཀྱང་རེ་ཞིག་འགྲོ་མཚམས་བཞག་པ་ལྟར་དུ་སྣང་། སྐར་མ་3ནི་འདས་པོར་དྲན་གསོ་ཞུས་པ་ཞིག་རེད་ལ། ཚེ་སྲོག་ལ་བརྩི་འཇོག་བྱས་པ་ཞིག་དེ་བས་ཀྱང་རེད།
ངག་བསྡམས་ནས་མྱ་ངན་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ལམ་སེང་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་ཉེན་སེལ་རྒུད་སྐྱོབ་ཁྲོད་བཞུགས།
ས་ཡུལ་དངོས་སུ་བཀོད་འདོམས་གནང་མཁན་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲི་ཀྲང་ནོར་བུ་ཚེ་རིང་གིས། མིག་སྔར་རོགས་སྐྱོབ་ལས་དོན་གྱི་གཙོ་གནད་ནི་སྔར་བཞིན་རྒྱལ་མཚམས་སྒོ་མོར་བསྐྱོད་སའི་སྐམ་སའི་བགྲོད་ལམ་གཏོད་རྒྱུ་དེ་རེད། ད་ཆ་ཨར་སྐྲུན་དཀའ་ལས་ཆེ་ཤོས་དང་ལས་འབོར་མང་ཤོས་ཀྱི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་པས། མྱུར་བཟོ་བྱེད་མཁན་མི་700ཙམ་ཡོད་པ་དང་ཆེད་ལས་ཀྱི་འཕྲུལ་ཆས་དང་སྒྲིག་ཆས་ཐེངས་300ལྷག་ཙམ་བཏང་ཡོད། དེ་དང་ཆབས་ཅིག་ལྟེ་བའི་ཁུལ་ཁོངས་སུ་འཚོལ་སྐྱོབ་བྱེད་ཤུགས་ཆུང་དུ་མ་བཏང་བར། གནམ་གྲུ་ནས་མི་དབོར་བ་དང་དངོས་ཟོག་གསབ་སྣོན་རྒྱུན་ཆད་མེད་པར་བྱས་ཡོད་ཅེས་གསུངས།
“ང་ཚོས་དུས་ཐོག་ཏུ་འབྲེལ་བ་ཆད་པའི་མི་སྣའི་ནང་མི་དང་འབྲེལ་བ་བྱས་ཏེ། ཁོང་ཚོར་ཞབས་འདེགས་ཞུ་བའི་ཐད་སྦྲེལ་ཁ་པར་ཨང་གྲངས་གཉིས་ཡོངས་བསྒྲགས་བྱས་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་རོགས་སྐྱོབ་ཀྱི་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ་ནང་མིའི་དོ་ཁུར་ལ་ལན་ཧུར་ཐག་བརྒྱབ་ཡོད”ཅེས་ནོར་བུ་ཚེ་རིང་གིས་གསུངས།
སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་ཤིང་ལུང་ལམ་གྱི་དམངས་ཕན་ཉེན་དོན་ས་ཚིགས་ཀྱི་སློབ་སྟོན་པ་ཕུན་ཚོགས་གྲགས་པ་ནི་གནོད་འཚེ་ཐོན་རྗེས་སྐྱིད་གྲོང་འགག་སྒོར་རྐང་ཐང་མར་བསྐྱོད་མཁན་གྱི་རོགས་སྐྱོབ་མི་སྣ་ཁག་དང་པོའི་གྲས་རེད། ཁོང་ཚོས་རྐང་ཐང་མར་ཆུ་ཚོད་10ལྷག་བསྐྱོད་ནས་རོགས་སྐྱོབ་བྱེད་པར་སྐམ་སའི་བགྲོད་ལམ་ཞིག་བཏོད་ཡོད།
“སྐར་མ་གཅིག་གིས་སྔ་ཙམ་སླེབས་ན་རེ་བ་དེ་ཙམ་གྱིས་ཆེ་བ་ཡོད་ངེས་རེད་སྙམ་གྱི་འདུག ས་ཡུལ་དངོས་ལ་སླེབས་རྗེས་ངའི་སེམས་ནང་མགྱོགས་པོ་སྔོག་དགོས། མི་སྐར་ཆ་གཅིག་གིས་སྔ་ཙམ་རྙེད་ན་ནང་མིར་དེ་ཙམ་གྱི་སེམས་གསོ་ཆེ་བ་ཡོང་གི་རེད་སྙམ་བྱུང”“ང་ཚོས་སྐྱོ་གདུང་དེ་སྟོབས་ཤུགས་ལ་བསྒྱུར་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ས་ཆ་འདི་སྲུང་སྐྱོང་བྱེད་དགོས”ཞེས་ཕུན་ཚོགས་གྲགས་པས་བཤད།
གནོད་འཚེ་ཡིས་མགོ་བོ་གནོན་མི་ཐུབ་ལ། སྐྱོ་གདུང་གིས་སེམས་ཤུགས་ཆག་མི་སྲིད། “མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ”དར་ཆའི་ཐོག་བརྐོས་པའི་རྒྱལ་ཁབ་ཏུ་གསོན་ཤུགས་འཛད་མཐའ་མེད་པར་ནམ་ཡང་ཡར་རྒྱས་དང་མདུན་སྐྱོད་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།