དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མགོ་བོ་འདུད་པ་ནི་མྱ་ངན་ཟབ་མོ་ཞིག་དང་མགོ་བོ་བཏེགས་པ་ནི་དམ་བཅའ་བརྟན་པོ་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་ཡུས། དཔལ་ལྡན་ཆོས་གྲགས།   |     སྤེལ་དུས།  2026-09-03

    ཟླ་9ཚེས་1ཉིན་གྱི་སྔ་དྲོར། སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུ་བའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོ་ཡན་ལག་ཅུས་ཀྱི་སྒོ་རའི་ནང་སྤེལ་ཞིང་། དེ་དང་ཆབས་ཅིག རོགས་སྐྱོབ་དང་མྱུར་བཟོ་བྱེད་ཡུལ་སོགས་སུའང་མྱ་ངན་ཟབ་མོ་ཞུས་པ་རེད། མི་རྣམས་ཀྱིས་ཞྭ་མོ་ཕུད་ཅིང་གུས་སྟབས་ཀྱིས་ལངས་ཏེ་འདས་པོར་སྐར་མ་གསུམ་རིང་ངག་བསྡམས་ནས་མྱ་ངན་ཞུས།

    སྐར་མ་གསུམ་པོ་འདི་ནི་འདས་པོར་བརྩི་འཇོག་དང་དྲན་གསོ་ཞུ་བ་ཞིག་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཞིག་རེད་ལ། བློས་མི་གཏོང་བའི་དམ་བཅའ་བརྟན་པོ་ཞིག་དེ་བས་རེད།

    མཁའ་ཟོན་ཉེན་བརྡ་གྲགས། རྒྱལ་དར་ལ་ཕྱོགས་པའི་མིག་ཟུང་ནས་མཆི་མ་ཁྲུམ་ཁྲུམ་དུ་བཞུར། ཡིད་ཤིན་ཏུ་སྐྱོ་བའི་གཟུགས་བརྙན་རེ་རེ་ང་ཚོའི་དྲན་པའི་ངོས་སུ་གསལ་ལེར་འཆར་བ་སྟེ། ཆུ་རུད་ཀྱི་གནོད་འཚེ་མ་ཐོན་གོང་། སྔར་བཞིན་ལས་གནས་བརྟན་སྲུང་བྱེད་ཅིང་མི་ཚོགས་ཕྱིར་འཐེན་ལ་བཀོད་འདོམས་བྱེད་མཁན་མི་དམངས་ཉེན་རྟོག་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཉེན་ཁའི་ཕྱོགས་སུ་གདོང་མཆོང་བྱེད་མཁན། “མི་ཡོད་དམ”ཞེས་པའི་འབོད་སྒྲ་རེ་རེ་དང་འདམ་རྫབ་ཀྱིས་འཚོས་པའི་གྱོན་ཆས་སོགས། དེ་དག་ཐམས་ཅད་གཉེན་ཉེ་དང་ང་ཚོས་བརྗེད་མི་སྲིད་ལ། མེས་རྒྱལ་གྱིས་དེ་བས་ཀྱང་བརྗེད་མི་སྲིད།

    སེམས་པ་སྐྱོ་ཡང་ཡིད་ཐང་མ་ཆད། སེམས་སྡུག་ཆེ་ཡང་ཕྱིར་བཤོལ་མི་བྱེད། སྐར་མ་གསུམ་རིང་ངག་བསྡམས་ནས་མྱ་ངན་ཞུས་རྗེས། སེམས་སྡུག་ཡོད་ཚད་འཛད་མཐའ་མེད་པའི་སྟོབས་ཤུགས་ལ་བསྒྱུར་ཡོད། གུས་འདུད་རེ་རེས་མྱ་ངན་དང་རྗེས་དྲན་ཟབ་མོ་མཚོན་ཡོད། མགོ་བོ་བཏེགས་མ་ཉིད་དུ་མུ་མཐུད་འགྲོ་ལམ་མྱུར་བཟོ་དང་། ཕུང་གསོག་ཐེབས་པའི་འདམ་རྡོ་གཤོང་བ། མི་སྣ་འཚོལ་བཤེར་བཅས་ཀྱི་ལས་དོན་སྐད་ཅིག་ཙམ་ཡང་སྤེལ་མཚམས་འཇོག་མྱོང་མེད།

    རྡོག་རྩ་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་འདི་ནི་རང་དགར་བྱུང་བ་ཞིག་མིན་ཏེ། འཕྲལ་སྡོམ་སྟོབས་ཤུགས་ཀྱིས་ལེ་དབར་སྟོང་གི་ས་ནས་རོགས་སྐྱོར་བྱེད་པར་ཡོང་བ་ནས་སྤྱི་ཚོགས་ལས་རིགས་ཁག་གིས་རང་འགུལ་ངང་རོགས་སྐྱོར་བྱེད་པའི་བར་དང་། དངོས་ཟོག་འགན་ལེན་གྱི་ལམ་བུ་ཧྲིལ་པོ་ཤར་གཏོང་ཐུབ་པ་ནས་བཀོད་སྒྲིག་བྱ་ཡུལ་དུ་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས་པའི་བར། སྟོབས་ཆེན་མེས་རྒྱལ་ནི་ཐོག་མཐའ་བར་གསུམ་དུ་དེ་དག་ཚང་མའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་ཞིང་། མི་རིགས་ཁག་གི་སྤུན་ཟླའི་སེམས་པ་ནམ་ཡང་གཅིག་ཏུ་དམ་པོར་སྦྲེལ་ཡོད།

    ངག་བསྡམས་ནས་མྱ་ངན་ཞུས་མ་ཐག ཞིག་རོའི་ཁྲོད་ནས་སླར་ཡང་འཚོལ་སྐྱོབ་ཀྱི་འབོད་སྒྲ་གྲགས། མི་ཚང་མའི་སེམས་ནང་དད་སེམས་གཅིག་པུ་ཞིག་ཡོད་པ་ནི། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་དེ་རེད། རེ་བ་ཏིལ་འབྲུ་ཙམ་ལས་མེད་ཀྱང་ང་ཚོས་དཀའ་བ་བརྒྱ་དང་འབད་པ་སྟོང་བྱས་ནས་བློས་གཏན་ནས་གཏོང་མི་སྲིད།

    འབྲེལ་བ་ཆད་པའི་མི་ཚོ། ང་ཚོས་སྔར་བཞིན་ཁྱེད་ཚོ་བསྒུགས་ནས་བསྡད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།