དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་དུ་རོགས་སྐྱོབ་བྱེད་མཚམས་སྐར་ཆ་ཙམ་ཡང་འཇོག་གི་མེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2026-09-03

    ཟླ་9ཚེས་1ཉིན་གྱི་ཆུ་ཚོད་10དང་སྐར་མ་50ཙམ་ལ། G216ལམ་རྒྱུད་དུ་སྐྱིད་གྲོང་ཆུ་རུད་ཀྱི་གནོད་འཚེས་གཏོར་སྐྱོན་ཕོག་པའི་གཞུང་ལམ་དེ་སྐྱིད་གྲོང་འགག་སྒོ་དང་བར་ཐག་སྤྱི་ལེ་གཅིག་གི་སར་མྱུར་བཟོ་བྱས་ཟིན།

    ཚེས་31ཉིན་གྱི་དགོང་མོར་མི་མེད་གནམ་གྲུ་ཞིག་མཐོ་ཚད་སྨི་40ཟིན་པའི་བར་སྣང་དུ་འཕུར་ཏེ་ལས་སྒྲུབ་ཁུལ་དུ་གློག་སྒྲོན་ཆེན་པོ་སྤར་ནས་ཉིན་མཚན་དབྱེར་མེད་ངང་འགག་སྒོར་སྐྱོད་སའི་འགྲོ་ལམ་སྨི་རེ་རེ་བཞིན་མྱུར་བཟོ་བྱེད་བཞིན་ཡོད།

    གསར་འགོད་པས་G216ལམ་རྒྱུད་མྱུར་བཟོ་བྱ་ཡུལ་དུ་སྐྱིད་གྲོང་གཙང་པོ་སྔར་བཞིན་ཆུ་རྙོག་ཡིན་པས་རྡོ་དབོར་མཁན་རླངས་འཁོར་འགྲོ་ལམ་ནས་སྐྱོད་ཁག་པོ་ཡོད་པ་མཐོང་།

    “དེ་གར་ལས་ཀ་བྱེད་ས་གུ་དོག་པ་དང་སྒྲིག་ཆས་ཆེ་གྲས་སྤྱོད་ཐབས་བྲལ་བས་ང་ཚོས་མི་བརྗེ་རེས་ཀྱིས་ལས་མཚམས་བཞག་མེད”ཅེས་ཀྲུང་གོ་ཨན་ནེང་ལས་གྲྭ་རོགས་སྐྱོབ་བྱ་ཡུལ་བཀོད་འདོམས་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་ཤིན་གྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས་རོགས་སྐྱོབ་དཔུང་ཁག་གིས་འཕྲུལ་འཁོར་མང་པོས་རྡོ་དབོར་བ་དང་ཆུས་ཁྱེར་བའི་ལམ་ཡང་བསྐྱར་བཟོས་ཏེ་དུམ་བུ་རེ་རེ་བཞིན་མདུན་དུ་སྐྱོད་བཞིན་ཡོད་ཅེས་བརྗོད།

    ཉིན་ཤས་བསྟུད་མར་གནོད་འཚེ་ཕོག་ཁུལ་ལྟེ་བའི་ཁུལ་དུ་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་འགག་རྩའི་འགྲོ་ལམ་མྱུར་བཟོ་དང་། འཕྲིན་གཏོང་སྦྲེལ་ཚུགས་ཤར་གཏོང་། གློག་ཤུགས་སྐུད་ལམ་སླར་གསོ་བཅས་ཀྱི་ཛ་དྲག་ཆེ་བའི་ལས་དོན་ནང་ཞུགས་ཡོད།

    འགྲོ་ལམ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་པ་དང་འཕྲིན་གཏོང་སྦྲེལ་ལམ་རེ་རེ་བཞིན་བསྐྱར་དུ་བསྐྲུན་ཡོད། སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་གྱི་སྤྱི་ལེ་1གི་སར་4/5Gསྦྲེལ་ཚུགས་ཤིག་བདེ་བླག་ངང་བཟོས་པས་ལྟེ་བའི་རོགས་སྐྱོབ་བྱ་ཡུལ་གྱི་འཕྲིན་གཏོང་བརྡ་རྟགས་དེ་བས་བརྟན་དུ་ཕྱིན་ཡོད།

    མིག་སྔར། བོད་དམག་ཁུལ་ཁང་གིས་རིམ་རྩིས་བརྒྱབ་ན་ཐད་འཕུར་གནམ་གྲུ་ཐེངས་5བཏང་ནས་གནོད་འཚེ་ཕོག་ཁུལ་ལྟེ་བར་བཟའ་བཅའ་དང་། སྨན་རྫས། རོགས་སྐྱོབ་སྒྲིག་ཆས་སོགས་དངོས་ཟོག་ཁག་2910བསྐྱལ་ནས་འཐབ་ས་དང་པོའི་འཚོལ་སྐྱོབ་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སྟོབས་ཤུགས་ཀྱིས་རིམ་རྩིས་བརྒྱབ་ན་འགན་ལེན་རླངས་འཁོར་སྣ་ཚོགས་ཐེངས་270ལྷག་ཙམ་བཏང་བ་དང་། གུར་56ཕུབ་པ། སྟབས་བདེའི་ཁང་པ་20དང་ཉལ་ཁྲི་2100ལྷག་ཙམ་སྙོམས་སྒྲིག་བྱས་པ། རིམ་རྩིས་བརྒྱབ་ན་གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་མི་སྣ་མི་ཐེངས་4300ལྷག་ཙམ་ལ་འགན་སྲུང་བྱས་ཡོད།

    མིག་སྔར་གནོད་འཚེ་ཕོག་ཁུལ་ལྟེ་བར་གློག་སྒྲོན་དང་མི་མེད་གནམ་གྲུའི་གློག་སྒྲོན་སོགས་རིགས་ཆེ་གྲས་དྲུག་ཚུད་པའི་འཕྲལ་སྡོམ་གློག་སྒྲོན་སྒྲིག་ཆས་60ལྷག་ཙམ་ཡོད། རྒྱལ་ཁབ་གློག་དྲས་འཕྲལ་སྡོམ་འགན་ལེན་མི་སྣ་106དང་གློག་ཤུགས་འགན་ལེན་སྒྲིག་ཆས་སྣ་ཚོགས་236སྤྱད་དེ་རོགས་སྐྱོབ་བྱ་ཡུལ་དང་གནོད་འཚེའི་བཀོད་སྒྲིག་བྱ་ཡུལ་ལ་གློག་ཤུགས་འགན་ལེན་བརྟན་པོ་བྱས་ཡོད། རྒྱལ་ཁབ་གློག་དྲའི་རོགས་སྐྱོབ་མི་སྣས“ང་ཚོས་འཕྲལ་སྡོམ་གློག་སྲུང་སྟོབས་ཤུགས་སྟབས་བསྟུན་གྱིས་ཆེ་རུ་བཏང་ནས་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་དང་བཀོད་སྒྲིག་རྒྱུན་མཐུད་བྱས་ཡོད”ཅེས་བརྗོད།

    ཟླ་9ཚེས་1ཉིན་ནི་རོགས་སྐྱོབ་ལས་དོན་སྤེལ་བའི་ཉིན་7པ་དེ་ཡིན། སྐྱིད་གྲོང་འགག་སྒོར་སྐྱོད་སའི་G216ལམ་བུ་སྔར་བཞིན་མགྱོགས་མྱུར་ཤར་གཏོང་ཐུབ་པ་བྱེད་བཞིན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་སྐྱིད་གྲོང་ནས་ཟླ་9ཚེས་1ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།