ཏང་ཡོན་གྱི་ཚད་གཞི་ནན་པོར་བསྲུངས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། ངེས་པར་དུ་སྙིང་རུས་གཏན་འཁྱོངས་ཀྱིས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་སྒོ་ནས་འཐབ་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་ཡོད། དེས་ན་ང་ཚོས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ། ལས་སྒྲུབ་ལས་གཏོད་ཀྱི་སྟོན་ཕྱོགས་གནད་ལ་འཁེལ་པོས་མུ་མཐུད་ཡོ་བསྲང་བཅས་བྱས་ཏེ། དངོས་སྒྲུབ་ཐེག་འཁུར་གྱི་རྣམ་པའི་ཐོག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཏང་ཡོན་གྱི་ཚད་གཞི་ནན་པོ་སྲུང་བར་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་དགོས་ཤིང་། ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་པ་ནི་ཏང་ཡོན་ལས་བྱེད་པའི་རང་ཚུགས་ཀྱི་གཞི་རྩ་རེད། རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་པས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད། ལས་དོན་ཁག་སྒྲུབ་རིང་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་དགོས། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་གྱིས་རང་འཁྲིའི་ལས་དོན་དེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྤྱི་ཡོངས་ནང་མཉམ་འདྲེས་བྱེད་པ་དང་། མངོན་གསལ་དོད་པའི་གྲུབ་འབྲས་ལ་སྣང་ཆེན་དང་མངོན་གསལ་ཆུང་བའི་གྲུབ་འབྲས་ལ་སྣང་ཆུང་བྱེད་པ་དང་མིག་སྔར་སྣང་ཆེན་དང་ཕུགས་ལ་སྣང་ཆུང་བྱེད་པའི་མིག་རྒྱང་ཐུང་བའི་བསམ་པ་མཐའ་གཅིག་ཏུ་དོར་བ། ཕྱི་ཚུལ་རིང་ལུགས་དང་ཕྱི་ཚུལ་ཙམ་གྱི་བྱ་བ་བསྒྲུབ་རྒྱུ་གཏན་འགོག་བྱེད་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ཏེ། ཉམས་སད་ཐེག་པའི་ཆབ་སྲིད་ཀྱི་འགན་སེམས་ཆེན་པོའི་ཐོག་ནས་རྒྱལ་ཁབ་ཀྱི་ལྷོ་ནུབ་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས།
ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་རྩ་དོན་བརྟན་སྲུང་བྱེད་དགོས་ཤིང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་གུང་ཁྲན་ཏང་མིའི་ལས་རྗེས་ཆེ་ཤོས་རེད། རང་ལྗོངས་ཀྱི་གཞི་རིམ་གྱི་ཆ་རྐྱེན་ཞན་པ་དང་མང་ཚོགས་ཀྱི་རེ་སྒུག་ནི་ཟོལ་མེད་དངོས་དོན་ཞིག་རེད། དེས་ན་ལས་བྱེད་པའི་སྲིད་དོན་ལས་རྗེས་ལ་དཔྱད་ཞིབ་བྱེད་སྐབས་མི་རིགས་མཐུན་སྒྲིལ་གྱི་སྤུས་ཚད་དང་། དམངས་འཚོ་ལེགས་གཏོང་གི་ཕན་འབྲས། མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་བཅས་ལ་ལྟ་རྒྱུ་དེ་འགག་རྩ་ཞིག་ཏུ་གྱུར་ཡོད། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པ་དང་མང་ཚོགས་དང་ཉེ་བཅར་བྱེད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱེད་པ། གྲོང་གསེབ་དར་རྒྱས་དང་། མཐའ་དར་དམངས་ཕྱུག སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་མི་རིགས་ཁག་གི་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས།
དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་རྒྱུན་མཐུད་ངང་ཞུན་བརྡར་གཏོང་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་ལེན་བསྟར་རིང་དངོས་སྒྲུབ་ཐད་སྣང་ཆེན་དང་མཐའ་འཁྱོངས་བྱ་རྒྱུ་རྩ་ཆེར་འཛིན་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་གཞི་ཚུགས་པ་དང“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་ཏེ། ང་ཚོས་འཕྲལ་བདེ་འཕྲལ་ཕན་གྱི་བསམ་བློ་མཐའ་གཅིག་ཏུ་དོར་བ་དང་། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པ་དང་གྲུབ་འབྲས་འཇོག་པར་རང་ཉིད་ཡོད་ངེས་ཀྱི་བསམ་བློ་སྤེལ་སྐྱོང་བྱེད་པ། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་ལས་འགན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ས་མཐོའི་བྱ་གཞག་ཁག་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
སྤྱོད་གཙང་གཞུང་དྲང་གི་སྒྲིག་ཁྲིམས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས་ཤིང་། སྤྱོད་གཙང་ལས་སྒྲུབ་དང་སྤྱོད་གཙང་སྲིད་སྐྱོང་ནི་འགན་ནུས་སྒྲུབ་པ་དང་བྱ་བ་ལམ་ལྷོངས་ཡོང་བའི་སྔོན་འགྲོ་རེད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྩ་བ་དེ་དམ་པོར་བཟུང་ནས་ཐོག་མཐའ་བར་གསུམ་དུ་གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་འཇིགས་སྣང་བྱེད་པ། མཐའ་ཚད་སྲུང་བ། དེ་བཞིན་དབང་ཆ་གཞུང་དྲང་སྤྱོད་པ་དང་། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་མཐའ་འཁྱོངས་བྱས་ནས་གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས།
སློབ་སྦྱོང་སློབ་གསོ་སྤེལ་མཇུག་འགྲིལ་བ་ནི་ཕྱོགས་སྡོམ་དང་མཐོར་གཏོང་གི་མཚམས་ཚིགས་རེད་ལ། རྒྱུན་རྣམ་ཅན་གྱི་སྒོ་ནས་ལག་ལེན་བསྟར་བའི་འགོ་འཛུགས་སའང་དེ་བས་རེད། ང་ཚོས་མུ་མཐུད་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་སྦྱོང་བརྡར་ནན་པོ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བས་བསམ་བློའི་གཏིང་རིང་གི་ནོར་སྐྱོན་རྩ་བཅོས་བྱེད་པ། དངོས་སྒྲུབ་ལག་བསྟར་དང་སྙིང་རུས་བརྟན་འཁྱོངས་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་སུ་སྒྱུར་དགོས།
འབྲེལ་ཡོད་གསར་འགྱུར།