2026ལོའི“ཀྲུང་གོའི་མི་བཟང་གི་མིང་ཐོ”ཁག་གཉིས་པ་ཡོངས་བསྒྲགས་བྱས་པ།
“ཀྲུང་གོའི་མི་བཟང་གི་མིང་ཐོ”ཡོངས་བསྒྲགས་མཛད་སྒོ་ཟླ་8ཚེས་31ཉིན་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ཅིང་ཉིང་རྫོང་ཁྲེང་ཅི་རིག་གནས་ཐང་ཆེན་དུ་འཚོགས་པ་དང་། ས་ཡུལ་དངོས་ནས་2026ལོའི“ཀྲུང་གོའི་མི་བཟང་གི་མིང་ཐོ”ཁག་གཉིས་པ་ཡོངས་བསྒྲགས་བྱས་པ་རེད། ས་གནས་ཁག་གིས་འོས་སྦྱོར་དང་། དྲ་གྲོགས་ཀྱིས་དཔྱད་མོལ། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་སོགས་ཀྱི་ལྷུ་ཚིགས་བརྒྱུད་གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། ཁ་དན་ཚིག་གནས། ལས་བཀུར་ལེགས་སྐྱེས། རྒན་བཀུར་གཉེན་གཅེས་བཅས་ཀྱི་ཉེ་འགྲམ་གྱི་མི་བཟང་ཁྱོན་150གཟི་བརྗིད་ལྡན་པའི་མིང་ཐོའི་ནང་ཚུད་ཡོད།
མིང་ཐོའི་ནང་ཚུད་པའི་མི་བཟང་ཁྲོད་ལས་འགན་སྒྲུབ་སྐབས་སྟབས་མ་ལེགས་པར་རང་སྲོག་ཤོར་བ་དང་རང་སྲོག་བློས་བཏང་ནས་ལེ་ཧྥུང་སྙིང་སྟོབས་ལག་ལེན་བསྟར་མཁན་དགུང་སྔོན་རོགས་སྐྱོབ་རུ་ཁག་གི་རུ་དཔོན་གཞོན་པ་ཁྲེན་ཡན་ཧྲོའུ་དང་། ལོ་11རིང་མཚོ་ལ་ཐེངས་11མཆོངས་ནས་མི་7བསྐྱབས་པ་དང་ལོ་60ལ་སླེབས་པའི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཀྲུང་ཀེང་ཕིང་། མི་རབས་ལྔ་ཡིས་ལོ་92བསྟུད་མར་དམར་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་སྲུང་བའི་ཅང་ཧྲི་ལིན། མཐའ་མཚམས་སུ་གཞི་ཚུགས་ནས་ཞིང་པར་རོགས་རམ་བྱེད་པ་དང་རང་སྲོག་བློས་བཏང་ནས་དམངས་ཆེད་འགན་འཁྲི་ལག་ལེན་བསྟར་མཁན་གཞི་རིམ་གྱི་ལས་བྱེད་པ་ཧོ་ཅའོ་ལུང་། འཁང་ར་དང་བློ་འགྱོད་མེད་པར་ནང་མིར་ལྟ་རྟོག་བྱས་ནས་མི་རབས་གསུམ་སྐྱོང་མཁན་རྒན་ཡོལ་ཞུས་པའི་དགེ་རྒན་ཏུང་ཧའེ་ཤིའུ་སོགས་ཡོད། ཁོང་ཚོ་མི་ཕལ་བ་ཡིན་རུང་གནམ་ས་གཡོ་བའི་དགེ་བའི་ལས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ངོ་མཚར་བཏོད་དེ་སྤྱི་ཚོགས་ཡོངས་སུ་ཡར་ཐོན་དགེ་བརྩོན་གྱི་དུས་རབས་ཀྱི་དར་སྲོལ་བཏོད་ཡོད།
ད་ཐེངས་ཀྱི་ཡོངས་བསྒྲགས་མཛད་སྒོ་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་བསམ་པའི་དཔལ་ཡོན་སྲོལ་གཏོད་དྲ་བ་དང་། གློག་བརྙན་འཕྲིན་ལམ་ལེ་ཚན་ལྟེ་གནས། ཀྲུང་གུང་ཀན་སུའུ་ཞིང་ཨུད་དྲིལ་བསྒྲགས་པུའུ(ཀན་སུའུ་ཞིང་ཆེན་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང)བཅས་ཀྱིས་གཉེར་འགན་འཁུར་བ། ཀྲུང་གུང་ཕིང་ལེང་གྲོང་ཨུད་དྲིལ་བསྒྲགས་པུའུ(ཕིང་ལེང་གྲོང་ཁྱེར་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང)ཡིས་གཉེར་རོགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།