ཀྲུང་ཨེའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
ཀྲུང་གོ་དང་ཨེ་ཅིབ་ནི་བློ་སེམས་གཅིག་མཐུན་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་ཞིག་ཡིན་ལ། ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བ་དང་ཐུན་མོང་ཐོག་དར་རྒྱས་དོན་གཉེར་བྱེད་པའི་རོགས་ཟླ་ཡག་པོ་ཞིག་ཀྱང་ཡིན། ཨེ་ཅིབ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་ཀྲུང་ཨེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བཞིན་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་2016ལོའི་ཟླ་དང་པོར་ཨེ་ཅིབ་ཏུ་འཚམས་འདྲི་གནང་སྐབས། “ཀྲུང་ཨེ་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་མཉམ་ལས་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་ཐུན་མོང་གི་ངོས་འཛིན་དེ་དངོས་ཡོད་ཀྱི་གྲུབ་འབྲས་སུ་སྔ་ཙམ་འགྱུར་བར་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་ཨེས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་རྒྱུན་ཆད་མེད་པར་བཏང་བ་ལས་ཨེ་ཅིབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་དམངས་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་པ་གསོ་སྐྱོང་སོགས་ལའང་སྐུལ་ཁྲིད་ཐུབ་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས།
“ཨེ་ཀྲུང་མཛའ་གྲོགས་ཀྱི་གནས་རྟགས་གསར་པ་མཉམ་དུ་བཏོད་པ”
མཐོ་ཚད་ལ་སྨི་385.8ཡོད་པའི“ཨ་ཧྥེ་རི་ཁའི་ཐོག་བརྩེགས་ཁང་ཆེན་མཐོ་ཤོས་ཀྱི”མཚོན་བྱེད་མཐོ་ལྕོག་དེ་མཐོང་རྒྱ་ཧ་ཅང་ཆེན་པོ་ཡོད་ཅིང་། ཉི་འོད་སྤྲིན་གསེབ་ནས་ས་གཞིར་འཕྲོས་པ་དང་ཐོག་ཁང་རེ་རེ་བྱེ་ཐང་དུ་གྲལ་འགྲིག་པོས་ཀྲོང་ངེར་འགྱིང་ནས། དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་གསལ་པོར་མཐོང་ཐུབ།
དེ་ནི་ཁེ་རོ་གྲོང་ཁུལ་གྱི་ཤར་རྒྱུད་ནས་སྤྱི་ལེ་50ཙམ་དུ་གནས་པའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་ཡིན་པ་དང་། ཀྲུང་གོ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ཨེ་ཅིབ་ཡན་ལག་ཀུང་སིས་སྐྲུན་འགན་ཁུར་བ་ཞིག་ཡིན་ཞིང་། དེའི་ནང་གཞུང་ལས་ཐོག་ཁང་10དང་། སྡོད་གནས་ཐོག་ཁང་5 གསོལ་མགྲོན་ཁང་ཆེ་གྲས་4 དེ་བཞིན་མཚོན་བྱེད་མཐོ་ལྕོག་1བཅས་ཚུད་ཡོད། དེ་ནི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་རྣམ་གྲངས་ཀྱི་གྲས་ཤིག་རེད་ལ། ཀྲུང་ཨེས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གཙོ་གནད་ལས་གྲྭ་ཞིག་ཀྱང་རེད།
རྣམ་གྲངས་ཀྱི་མཐོ་རིམ་བཟོ་སྐྲུན་མཐུན་སྦྱོར་པ་ནུར་ཧན·ཨ་མིང་གིས། 2022ལོར་རྣམ་གྲངས་ཚོགས་པའི་ནང་ཞུགས་ཚུན། ངས་ཤོག་ངོས་ཀྱི་དཔེ་རིས་རེ་རེ་མིག་མདུན་གྱི་ཐོག་བརྩེགས་ཁང་ཆེན་དུ་གྱུར་པ་མཐོང་སྐབས“སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བཤད། ཨེ་ཅིབ་ལ་ཐོག་བརྩེགས་ཧ་ཅང་མཐོ་བའི་ཨར་སྐྲུན་གྱི་ཉམས་མྱོང་དཀོན་པས་ཀྲུང་གོའི་ཁེ་ལས་ཀྱིས་སྔོན་ཐོན་གྱི་ཨར་སྐྲུན་ལག་རྩལ་བསླབས་པ་རེད། རྣམ་གྲངས་ཀྱི“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི་རོགས་སྐྱོར”ལམ་སྲོལ་བརྒྱུད། ནུར་ཧན་དང་རྣམ་གྲངས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཅ་ཧྥེང་ལིང་དགེ་སློབ་འབྲེལ་བར་གྱུར་ཅིང་། ཁོང་གིས“ལོ་4ཡི་རིང་། རྒན་ཅ་ལགས་ཀྱིས་ང་རང་ལ་དཔེ་རིས་ལྟ་སྟངས་དང་། གནད་དོན་འཕྲད་སྐབས་མཉམ་དུ་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཐབས་དམར་ཁྲིད་གནང་བྱུང་། ད་ཆ་ངས་རང་རྐྱ་འཕེར་བའི་སྒོ་ནས་ལས་འགན་འཁུར་ཐུབ་ཀྱི་ཡོད”ཅེས་བཤད།
“སྨྱུང་སྲུང་ཟླ་བའི་ཉིན་བཅུ་པའི་གྲོང”གི་གྲོང་འདབས་ལྕགས་ལམ་རྣམ་གྲངས།
“དེ་ནི་འབྱུང་འགྱུར་ལ་ཕྱོགས་པའི་ཐེག་ཆུང་མེ་འཁོར་གྱི་ལྕགས་ལམ་ཞིག་རེད”
ཀྲུང་གོ་ལྕགས་ལམ་དང་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིའི་མཉམ་འབྲེལ་སྒྲིག་གཞིས་སྐྲུན་འགན་ཁུར་བའི“སྨྱུང་སྲུང་ཟླ་བའི་ཉིན་བཅུ་པའི་གྲོང”གི་གྲོང་འདབས་ལྕགས་ལམ་ནི་ཨེ་ཅིབ་ཀྱི་གློག་ཤུགས་ཅན་གྱི་གྲོང་ཁོངས་ལྕགས་ལམ་དང་པོ་དེ་ཡིན་པ་དང་། ཀྲུང་ཨེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་རེད། རྣམ་གྲངས་ཀྱི་དུས་ཐེངས་དང་པོ་དང་གཉིས་པའི་ལམ་ཐིག་2022ལོར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་70ཙམ་ཡོད་པར་ཁྱོན་མེ་འཁོར་བབས་ཚུགས་12བཙུགས་པས། ལམ་རྒྱུད་ཀྱི་གྲོང་མི་ཁྲི་500ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིའི་ཨེ་ཅིབ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀུའོ་ཁའེ་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་། ཐེག་ཆུང་མེ་འཁོར་གྱི་ལྕགས་ལམ་བདེ་འཇགས་ངང་ཉིན་1500ཙམ་འཁོར་སྐྱོད་བྱས་པ་དང་རིམ་རྩིས་བརྒྱབ་ན་མེ་འཁོར་གཏོང་ཐེངས་ཁྲི་28ཙམ་ཟིན་ནས་འགྲུལ་རྒྱུན་མི་ཐེངས་ཁྲི་2200ལྷག་ཙམ་ཟིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་། རིམ་རྩིས་བརྒྱབ་ན་བཀོད་གཏོང་དང་། མེ་འཁོར་ཞབས་ཞུ། བབས་ཚུགས་ལས་དོན་སོགས་ཀྱི་གཉེར་སྐྱོང་ཤེས་ལྡན་པ་100ཙམ་དང་དེ་བཞིན་མེ་འཁོར་དང་། བརྡ་རྟགས། གློག་འདོན། འཕྲིན་གཏོང་སོགས་ཁྱབ་ཁོངས་ལ་ཁྱབ་པའི་ཉམས་བཟོ་སྲུང་སྐྱོང་གི་ལག་རྩལ་ཤེས་ལྡན་པ་500ཙམ་གསོ་སྐྱོང་བྱས་ནས། ཨེ་ཅིབ་ལ་ས་གནས་དེ་གའི་གློག་ཤུགས་ཅན་གྱི་ཐེག་ཆུང་མེ་འཁོར་གྱི་ལྕགས་ལམ་གཉེར་སྐྱོང་གི་དཔུང་ཁག་འཛུགས་རོགས་བྱས་ཡོད།
ཧའེ་ཨར་ཨེ་ཅིབ་སྐྱེ་ཁམས་གླིང་།
“ཐོན་རྫས་དེ་བས་མང་བ‘ཨེ་ཅིབ་ཀྱི་བཟོ་སྐྲུན’ལ་གྱུར་པ”
ཁེ་རོའི་ཤར་རྒྱུད་ཀྱི“མ་ཏི་ན་ཏི་གྲོང”གི་ཁྱིམ་སྤྱོད་གློག་ཆས་མང་པོ་ཞིག“སྨྱུང་སྲུང་ཟླ་བའི་ཉིན་བཅུ་པའི་གྲོང”གི་ཧའེ་ཨར་ཨེ་ཅིབ་སྐྱེ་ཁམས་གླིང་ནས་ཐོན་སྐྱེད་བྱས་པ་རེད། གླིང་ཁུལ་ནི་ཧའེ་ཨར་གྱིས་ཨ་ཧྥེ་རི་ཁའི་དབུས་ཤར་ས་ཁུལ་དུ་མ་འཇོག་བྱས་པའི་སྐྱེ་ཁམས་གླིང་ཐོག་མ་དེ་ཡིན་པ་དང་ས་ཁྱོན་སྨི་ངོས་གྲུ་ཁྲི་20བཟུང་ཡོད། དུས་ཐེངས་དང་པོའི་རྣམ་གྲངས་ཀྱིས་2024ལོའི་ཟླ་5པར་དངོས་སུ་དྲོད་སྙོམས་འཕྲུལ་འཁོར་དང་། བརྙན་འཕྲིན། གོས་ཁྲུས་འཕྲུལ་འཁོར་སོགས་ཀྱི་ཁྱིམ་སྤྱོད་གློག་ཆས་གཙོ་བོ་ཐོན་སྐྱེད་བྱས་ནས་ལོར་ཐོན་ནུས་ཁྲི་100ཙམ་ཟིན་པ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་འཁྱགས་གཏོང་བཟོ་གྲྭ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་ད་ལོའི་ཟླ་10པར་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་རེད། ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོའི་ཐོན་ནུས་ཁྲི་150ལས་བརྒལ་རྒྱུ་རེད།
མིག་སྔར་སྐྱེ་ཁམས་གླིང་གི་ཐོན་ལས་བརྒྱུད་རིམ་ཚང་མ་རང་ཡུལ་ཅན་དུ་འགྱུར་བའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་60%ཡིན་པའི་ནང་དོན་དངོས་ཐོག་མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་གྱི་ཐོན་ལས་63%ཟིན་ཡོད། གྲུབ་འབྲས་དེའི་སྐོར་གླེང་སྐབས། སྐྱེ་ཁམས་གླིང་གི་ཁྱིམ་སྤྱོད་མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་གྱི་འགན་འཁུར་བ་ཨའེ་ཧ་མའེ་ཏེ·ཨ་པུའུ་ཏུའུ་ལེ་ལ་ཤིས་ཏེས“སྐྱེ་ཁམས་གླིང་གིས་ཁེ་རོ་སློབ་ཆེན་སོགས་མཐོ་སློབ་དང་མཉམ་དུ་ཞིབ་སྤེལ་བྱས་ཏེ། ཞིབ་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་ས་གནས་དེ་གར་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ནས། ཐོན་ལས་འཁོར་སྦྲེལ་གྱི་ལྷུ་ཚིགས་དེ་བས་མང་བ་ཨེ་ཅིབ་ཏུ་བཞག་སྟེ་ཐོན་རྫས་དེ་བས་མང་བ‘ཨེ་ཅིབ་ཀྱི་བཟོ་སྐྲུན’ལ་འགྱུར་རྩིས་ཡོད”ཅེས་བརྗོད།
(འདི་ག་ཚགས་པར་ཁང་དུ་ཁེ་རོ་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།