དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཀའ་ངལ་ཇི་ཙམ་འཕྲད་ཀྱང་ཕྱིར་འཐེན་གཏན་ནས་བྱེད་ཀྱི་མིན།

    བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོའི་ཉིན་ཐོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2026-09-03

    ཟླ་8ཚེས་26ཉིན། ཆར་པ་ཆེ་བ།

    མཚན་གུང་ལ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ཆར་པར་མ་འཛེམས་པར་དངོས་ཟོག་དབོར་བཞིན་འདུག

    ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ལ། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་ཉིན་གཉིས་རིང་གི་བཅར་འདྲི་མཇུག་འགྲིལ་རྗེས་ང་རང་ལྷ་སར་ལོག་རྩིས་བྱས་པ་ཡིན།

    ཉིན་དང་པོ་དེར་ངས“དེ་རིང་འགག་སྒོར་འགྲོ་གི་རེད་དམ”ཞེས་སྣང་མེད་དུ་འདྲི་སྐབས། ལས་དོན་མི་སྣས“ད་ཐེངས་ཀྱི་བཅར་འདྲིའི་ནང་ས་ཆ་འདི་བཀོད་སྒྲིག་བྱས་མིན་འདུག”ཅེས་བཤད་བྱུང་། ད་ལྟ་བསམ་བློ་གཏོང་སྐབས་དངོས་འབྲེལ་ཞེད་སྣང་སྐྱེ་དགོས་པ་ཞིག་འདུག

    སྐྱིད་གྲོང་གྲོང་རྡལ་ནས་གཞིས་རྩེ་གྲོང་ཁུལ་དབར་བར་ཐག་སྤྱི་ལེ་550ཙམ་ཡོད་པ་དང་རླངས་འཁོར་གྱིས་ཆུ་ཚོད་7ལྷག་ཙམ་འགོར་གྱི་ཡོད། ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་རླངས་འཁོར་དིང་རི་རྫོང་དང་ས་སྐྱ་རྫོང་འབྲེལ་མཚམས་སུ་སླེབས་སྐབས་གློ་བུར་དུ་སྐྱིད་གྲོང་འགག་སྒོར་ཆུ་རུད་ཀྱི་གནོད་འཚེ་ཐོན་འདུག ཁྱེད་ཚོ་མྱུར་དུ་རླངས་འཁོར་ཁ་ཕྱིར་བསྐོར་ནས་གནོད་འཚེ་ཐོན་ཡུལ་དུ་སྐྱོད་དགོས་ཞེས་པའི་ཁ་པར་འབྱོར།

    ཕྱིར་ལོག་པའི་ལམ་བར་དུ་ཆར་པ་བར་མེད་དུ་བབས་ཤིང་དགོང་མོའི་ཆུ་ཚོད་10པ་ཙམ་ལ་ང་རང་གཞི་ནས་སྐྱིད་གྲོང་གྲོང་རྡལ་དུ་འབྱོར། ས་གནས་དེ་གའི་སྨྱན་སྦྱོར་ཕུད་ང་རང་སྐྱིད་གྲོང་དུ་འབྱོར་སྔ་ཤོས་ཀྱི་གསར་འགོད་པའི་གྲས་ཤིག་རེད་འདུག སྐྱིད་གྲོང་འགག་སྒོར་སྐྱོད་པའི་འགྲོ་ལམ་ལ་གཏོར་སྐྱོན་ཕོག་པས་ང་གནས་སྐབས་སྐྱིད་གྲོང་གྲོང་རྡལ་དུ་སྡོད་དགོས་བྱུང་། འདི་ནི་གནོད་འཚེ་ཐོན་རྗེས་ཀྱི་མཚན་མོ་དང་པོ་དེ་རེད།

    ཟླ་8ཚེས་27ཉིན། གནམ་དྭངས།

    ང་ལ་རོགས་བྱེད་མཁན་གྱི་མེ་གསོད་མི་སྣ་དང་ལས་བྲེལ་ཆེ་བའི་གཞི་རིམ་ལས་བྱེད་པ་དག་བརྗེད་པར་དཀའ།

    མཚན་གང་གཉིད་ཁུག་ཐབས་བྲལ་ཞིང་། ཐོ་རེངས་ཆུ་ཚོད་5དང་སྐར་མ་50ཙམ་ལ“ཞོགས་པའི་ཆུ་ཚོད་8པར་མེ་གསོད་རོགས་སྐྱོབ་དཔུང་ཁག་དང་མཉམ་དུ་འཐབ་ས་མདུན་མར་སྐྱོད་ཆོག”ཅེས་པའི་ཁ་པར་འབྱོར།

    ཆུ་ཚོད་གཉིས་ལྷག་ཙམ་སོང་རྗེས་མཐར་འཁྱིལ་མཚོའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་འབྱོར།

    ངས་མི་མེད་གནམ་གྲུས་བསྐུར་བའི་བརྙན་པར་ལ་ལྟ་སྐབས་གློ་བུར་དུ་རི་ཁུག་ནས་རི་གས་པའི་སྒྲ་གྲགས། ལོ་ན་གཞོན་པའི་མེ་གསོད་མི་སྣ་ཞིག་གིས་ང་རང་ཤུགས་ཀྱིས་ཚུར་འཐེན་ནས་རི་སྟེང་དུ་བར་ཐག་ངེས་ཅན་ཞིག་རྒྱུགས་རྗེས་གཞི་ནས་ལག་པ་གློད་བྱུང་། ཁོང་གིས“ད་གིན་རི་ཉིལ་འདུག་པས་འཁྱིལ་མཚོ་ལུད་པའི་སེམས་ཁྲལ་བྱུང”ཞེས་བཤད།

    ངས་ཕྱིར་མིག་ལྟ་སྐབས། མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་མཁན་མེ་གསོད་མི་སྣ་སྔར་བཞིན་ས་ཆ་དེ་རང་དུ་མུ་མཐུད་རྩད་ཞིབ་བྱེད་བཞིན་པ་དང་། ང་རང་འཐེན་མཁན་གྱི་མེ་གསོད་མི་སྣ་དེ་ཡང་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ཕྱིར་ལོག་སོང་། སྐབས་དེ་དུས་ངས་དངོས་གནས་“ལྡོག་སྐྱོད”ཅི་ཞིག་ལ་ཟེར་བ་ཤེས་སོང་།

    ཕྱི་དྲོ་ངས་གཞི་རིམ་གྱི་ལས་བྱེད་པ་ཞིག་དང་མཉམ་དུ་འཁྱིལ་མཚོའི་ཉེན་ཁ་ཕོག་པའི་ས་ལེ་ཤང་གི་གང་སར་བསྐྱོད་པ་ཡིན། བཀོད་སྒྲིག་བྱ་ཡུལ་ཞིག་ཏུ་སླེབས་སྐབས་མང་ཚོགས་གཅིག་གིས་ཁོང་ལ་མིག་སྔའི་དཀའ་ངལ་རྣམས་བཤད། ཁོང་གིས་དེ་དག་ཉན་རྗེས་ལམ་སེང་ཁ་པར་བརྒྱབ་ནས་ཐག་གཅོད་བྱེད་ཐབས་བྱས། ཁ་པར་བཞག་རྗེས་ཁོང་གིས་མང་ཚོགས་དེར“རང་སེམས་ཁྲལ་མ་བྱེད་ཨང་། དེ་རིང་ངེས་པར་དུ་ཐག་གཅོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    ཟླ་8ཚེས་28ཉིན། གནམ་དྭངས།

    འཐབ་ས་དང་པོའི་ལས་རོགས་ཉེན་རྟོག་པའི་ས་ནས་ཐོས་པའི་ཆུ་རུད་ཐོན་སྐབས་ཀྱི་གནས་ཚུལ།

    ཞོགས་པ་སྔ་པོར། ང་སླར་ཡང་ས་ལེ་ཤང་དུ་སྐྱོད་སྐབས་མཐའ་མཚམས་ལས་རེས་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཁག་གཅིག་ཐུག་བྱུང་། ཉིན་གཉིས་རིང་ཁོང་ཚོས་ཉིན་མཚན་དབྱེར་མེད་ངང་འཁྱིལ་མཚོའི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱས་ནས་ངལ་གསོ་རྒྱག་ཁོམ་སྤྱིར་བཏང་བྱུང་མེད།

    ལས་རོགས་ཉེན་རྟོག་པ་ཞིག་གིས། “ཚེས་26ཉིན་ང་རང་ལས་རེས་བྱེད་བཞིན་ཡོད། སྐབས་དེ་དུས་སྒྲ་དྲག་པོ་ཞིག་ཐོས་པ་དང་དེ་རྗེས་ས་གཡོ་རི་འགུལ་བྱེད་ཀྱི་འདུག ང་རང་གནས་ས་དང་འཁྱགས་རུད་ཐོན་ཡུལ་དབར་དྲང་ཐིག་བར་ཐག་སྤྱི་ལེ་2ཙམ་ལས་མེད། ཛ་དྲག་གི་གནས་ཚུལ་དེ་འདྲའི་མདུན་དུ་བསམ་བློ་མང་པོ་གཏོང་ཁོམ་མ་བྱུང་། ངས་རྒྱུགས་ཞོར་དུ་ཁ་པར་བརྒྱབ་པ་ཡིན། ཆུ་རུད་ཀྱི་གནོད་འཚེ་ངའི་མིག་མདུན་དུ་ཐོན་པས་བསམ་རྒྱུ་དྲན་རྒྱུ་གང་ཡང་མི་འདུག”ཅེས་བཤད།

    གནོད་འཚེ་མ་ཐོན་གོང་མདུན་ཕྱོགས་ནས་ཉེན་བརྡ་ཧུར་ཐག་བཏང་མོད། འོན་ཀྱང་ད་ཐེངས་ཀྱི་གནོད་འཚེའི་ཟིལ་ཤུགས་ནི་བསམ་ཡུལ་ལས་འདས་ཤིང་། ཆུ་རུད་ཐོན་ས་ནས་འགག་སྒོའི་བར་སྐར་མ་དྲུག་བདུན་ལས་འགོར་མེད་པས་བྲོས་པའི་དུས་ཚོད་གཏན་ནས་མེད།

    ཕྱི་དྲོར་ཡང་ཛ་དྲག་གི་གནས་ཚུལ་ཐོན་པ་སྟེ། ཆུ་ཚོད་བཞི་པ་ཙམ་ལ་མདུན་ཕྱོགས་ནས་འཁྱིལ་མཚོའི་རགས་ཁ་སླར་ཡང་ཤོར་ཉེན་ཆེ་བས་ཉེ་འགྲམ་གྱི་མི་སྣ་མགྱོགས་མྱུར་ཕྱིར་འཐེན་བྱེད་དགོས་པའི་ཁ་པར་འབྱོར།

    ཟླ་8ཚེས་29ཉིན། ཆར་སིམ།

    གཙང་འགྲམ་དུ་འཐབ་འཛིང་པ་ཚོས་འདམ་རྙོག་ནང་འཚོལ་བཤེར་ཧུར་ཐག་བྱེད་བཞིན་འདུག

    ཞོགས་པ་སྔ་པོ་ནས་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་རོགས་སྐྱོབ་དཔུང་སྡེ་དང་མཉམ་དུ་སྐྱིད་གྲོང་འགག་སྒོར་སྐྱོད་སའི་འགྲོ་ལམ་མྱུར་བཟོའི་འཐབ་ས་དང་པོར་བསྐྱོད་པ་ཡིན། གནོད་འཚེ་ཐོན་ཡུལ་དུ་འབྱོར་སྐབས་འཕྲུལ་ཆས་དང་རོགས་སྐྱོབ་མི་སྣ་འབོར་ཆེན་ཞིག་གིས་འཚོལ་བཤེར་ལས་དོན་སྤེལ་བཞིན་ཡོད་པ་མཐོང་བྱུང་།

    གནོད་འཚེ་ཐོན་རྗེས་འཐབ་འཛིང་པ་ལིན་ཅིང་དབྱི་དང་འཐབ་གྲོགས་ཚོ་འཕྲལ་དུ་འཐབ་ས་དང་པོར་བསྐྱོད། འགྲོ་ལམ་ཆད་པས་གཙང་པོ་སྒྲོལ་རྒྱུའི་ཐག་བཅད། འོན་ཀྱང་ཆུ་བོ་དྲག་ཏུ་རྒྱུག་པས་མདུན་སྐྱོད་ཧ་ཅང་བྱེད་དཀའ་བར་གྱུར།

    གཙང་པོ་སྒྲོལ་ཐབས་བྲལ་བས་ཁོང་ཚོས་སླར་ཡང་ལ་བརྒྱབ་ནས་འགྲོ་སྐབས་བྲག་རི་གཡང་གཟར་ཡིན་པས་ཚོད་ལྟ་ཁ་ཤས་བྱས་ཀྱང་སྐྱོད་ཐུབ་མེད།

    འཐབ་འཛིང་པ་ཚོས་གཙང་འགྲམ་དུ་གྲལ་སྟར་འགྲིག་པོས་ལག་ཆ་སྤྱད་དེ་ཆུ་ངོས་དང་འདམ་རྙོག་གི་གང་སར་འཚོལ་བཤེར་ཞིབ་ཕྲ་བྱས་ནས་ཁུངས་སྣེ་ཕྲན་བུ་ཙམ་ཡང་མི་ལུས་པར་བྱས།

    སྐྱིད་གྲོང་གྲོང་རྡལ་དུ་ཕྱིར་ལོག་པའི་ལམ་བར་དུ་ངས་ལམ་འགྲམ་ནས་འདས་པོར་བསང་བཏང་བ་དང་ཨ་རག་བསྒྲིགས་པ་མཐོང་སྐབས་སེམས་ཧ་ཅང་སྐྱོ་ནས་མིག་ཆུ་དབང་མེད་དུ་ཤོར་བྱུང་།

    ཟླ་8ཚེས་30ཉིན། གནམ་དྭངས།

    མང་ཚོགས་བློ་སེམས་བདེ་བའི་སྟོད་ཀོར་དམར་པོ་དང་མི་རྣམས་སེམས་འགུལ་ཐེབས་པའི་རོགས་སྐྱོབ་མི་སྣ།

    སྔ་དྲོ་ང་རང་གྱེས་ཕུག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཕྱིན་པ་ཡིན། ཡུལ་མི་རྣམས་ལ་ལ་ཉི་མ་སྲོ་བ་དང་། ལ་ལ་ཁ་བརྡ་གློད་པ། ཕྲུ་གུ་ཚོ་ཕར་རྒྱུག་ཚུར་རྒྱུག་བྱས་ནས་རྩེད་མོ་རྩེ་བཞིན་འདུག ཡུལ་མི་ཞིག་གིས་སྟོད་ཀོར་དམར་པོ་གྱོན་པའི་ལས་དོན་པར་ལྟ་བཞིན་དུ“ཁོང་ཚོ་ཡོད་པས་བློ་བདེ་པོ་འདུག”ཅེས་བཤད།

    “གནོད་འཚེ་ཐོན་ནས་སྐར་མ་40ཡང་མ་འགོར་བར་བདེ་འཇགས་ངང་གནས་སྤོ་ཐུབ་བྱུང་། ཏང་དང་སྲིད་གཞུང་གིས་དོན་དག་ཚང་མ་བཀོད་སྒྲིག་ཡག་པོ་བྱེད་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ལ་བི་གྲོང་ཚོའི་ཡུལ་མི་བུ་ཆུང་གིས་བཤད།

    གྱེས་ཕུག་གྲོང་ཚོའི་ཏང་ཡོན་གདོང་ལེན་ཞབས་ཞུའི་ས་ཚིགས་སུ“དཀའ་ངལ་ཡོད་ཚེ་རྩ་འཛུགས་འཚོལ”ཞེས་པའི་མངོན་གསལ་དོད་པའི་འཕྲེད་འགེལ་ཡི་གེ་ཞིག་བཀལ་འདུག ཏང་ཡོན་ཁ་ཤས་ལ་བཅར་འདྲི་བྱེད་དགོས་བསམ་ཡང་ཁོང་ཚོ་ཁ་ཤས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཕྱིན་པ་དང་། ཁ་ཤས་མང་ཚོགས་ཁྲིད་ནས་སྨན་བཅོས་བྱེད་པར་བསྐྱོད་པས་ཁོམ་པ་ཡོད་མཁན་གཅིག་ཀྱང་མི་འདུག

    ཉིན་དགུང་ཆུ་ཚོད་11ཙམ་ལ། སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ས་ཁོངས་སུ་འཚོལ་སྐྱོབ་བྱེད་མཁན་མེ་གསོད་རོགས་སྐྱོབ་མི་སྣ་ཁག་དང་པོ་སྐྱིད་གྲོང་གྲོང་རྡལ་དུ་ངལ་གསོ་བར་ལོག་པ་ཐོས་རྗེས་ང་རང་ལམ་སེང་ཁོང་ཚོ་སྡོད་སར་ཕྱིན་པ་ཡིན། ཁོང་ཚོ་རྐང་ཐང་མར་རྒྱལ་མཚམས་སྒོ་མོའི་ས་ཁོངས་སུ་བསྐྱོད་དེ་ལ་བརྒྱབ་ཀླུང་བརྒལ་གྱིས་ཆུ་ཚོད་30ལྷག་ཙམ་རིང་འབད་འཐབ་བྱས་ཡོད།

    ཟླ་8ཚེས་31ཉིན། ཆར་སིམ།

    ཀུན་སེམས་གཅིག་སྒྲིལ་གྱིས་འཐབ་ས་དང་པོར་འཚོལ་སྐྱོབ་བྱེད།

    ཞོགས་པའི་ཆུ་ཚོད་7དང་སྐར་མ་40ཙམ་ལ་ཆར་པ་སིམ་སིམ་ཁྲོད་ང་རང་སླར་ཡང་སྐྱིད་གྲོང་གྲོང་རྡལ་ནས་འགྲོ་ལམ་མྱུར་བཟོའི་འཐབ་ས་དང་པོར་བསྐྱོད་པ་ཡིན།

    ཤར་གཏོང་ཐུབ་པའི་འགྲོ་ལམ་ཐོག་རྡོ་ཧྲུག་བྱུར་བུར་བླུགས་པའི་ལྗིད་ཐེག་འཁོར་རིགས་མང་པོ་གྲལ་བསྒྲིགས་ནས་ལས་སྒྲུབ་ཁུལ་དུ་བསྐྱོད་རྒྱུ་སྒུག་ནས་བསྡད་འདུག ཁ་ལོ་བ་ཞིག་གིས“གང་ཐུབ་ཅི་ཐུབ་ཀྱིས་ལས་ཀ་མང་ཙམ་བྱེད་ཐུབ་ན་བསམ་གྱི་འདུག”ཅེས་བཤད།

    སྐྱིད་གྲོང་གཙང་པོའི་ཆུ་ཁ་མཐོ་རུ་ཕྱིན་པ་དང་། ཕར་ཕྱོགས་ཀྱི་རི་སྟེང་ནས་རྡོ་ཧྲུག་ཡང་ཡང་ལྷུང་གི་འདུག

    སྒུག་ནས་སྡོད་རིང་། ང་ལ་མི་28ཡོད་པའི་དཔུང་ཁག་ཅིག་འཕྲད་བྱུང་། ཁོང་ཚོ་ནི་སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་དང་འགག་སྒོ་ཡན་ལག་ཅུས་ཀྱི་ས་ཡུལ་དངོས་ཀྱི་རོགས་སྐྱོབ་རུ་ཁག་འདུག སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་གནས་ཚུལ་བཀོད་འདོམས་ལྟེ་གནས་ཀྱི་སློབ་སྟོན་པ་ཏའེ་ཧྲེང་ལིན་གྱིས“གནོད་འཚེ་ཐོན་རྗེས་ཀྱི་ཉིན་དང་པོ་ནས་བཟུང་ང་ཚོས་འགྲོ་ལམ་མྱུར་བཟོའི་ལས་དོན་དང་བསྟུན་ནས་འཚོལ་སྐྱོབ་བྱས་པ་ཡིན། ཉིན་དང་པོ་ནས་གསུམ་པའི་བར་གཉིད་ཀྱང་ཉལ་ཁོམ་མ་བྱུང”ཞེས་བཤད།

    སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཚེ་བརྟན་རྡོ་རྗེས“དཀའ་ངལ་ཇི་ཙམ་འཕྲད་ཀྱང་ཕྱིར་འཐེན་གཏན་ནས་བྱེད་ཀྱི་མིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།