རོགས་སྐྱོབ་སྟོབས་ཤུགས་ཀྱིས་གཏོར་སྐྱོན་ཕོག་པའི་གཞུང་ལམ་མྱུར་བཟོར་རྒྱུན་མཐུད་སྐུལ་འདེད་བཏང་བ།
འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་དང་ཆ་འཕྲིན་གྱི་འདེགས་སྐྱོར་བྱས་པ།

འདི་ནི་ཟླ་8ཚེས་31ཉིན་གྱི་དགོང་མོར་རོགས་སྐྱོབ་མི་སྣས་སྐྱིད་གྲོང་འགག་སྒོར་སྐྱོད་སའི་རྒྱལ་ལམ་216གི་གཞུང་ལམ་མྱུར་བཟོ་བྱེད་བཞིན་པ།
ཟླ་8ཚེས་31ཉིན། འཕྲལ་སྡོམ་དོ་དམ་པུས་ཀྲུང་གོ་ཨན་ནེང་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་མངགས་གཏོང་བྱས་ཏེ། བོད་ལྗོངས་སྐྱིད་གྲོང་རྫོང་གི་རྒྱལ་ལམ་216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་མྱུར་བཟོར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། ཚེས་31ཉིན་གྱི་ཆུ་ཚོད་16པའི་བར་དུ་མྱུར་བཟོའི་ལས་དོན་འགག་སྒོ་དང་བར་ཐག་སྤྱི་ལེ་1.1ཡོད་ས་བར་དུ་སྐུལ་འདེད་བཏང་ཡོད། ཉིན་དེར་ཀྲུང་གོ་ཨན་ནེང་གིས་ཉེན་སེལ་མི་སྣ་158དང་སྔོག་འཕྲུལ་དང་བླུག་འཁོར་སོགས་སྒྲིག་ཆས་ཆ་ཚང་28བཏང་ཡོད།
ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། འཕྲལ་སྡོམ་དོ་དམ་པུས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་མཉམ་དུ་དབྱི་ལུང་རྟགས་ཅན་གྱི་མི་མེད་གནམ་གྲུ་3གནོད་འཚེ་ཕོག་ཁུལ་དུ་བཏང་སྟེ། འཕྲིན་གཏོང་འགན་ལེན་དང་གནོད་འཚེའི་གནས་ཚུལ་མྱུལ་ཞིབ་སོགས་ཀྱི་ལས་འགན་རྒྱུན་ཆད་མེད་པར་སྒྲུབ་པ་རེད། ཚེས་31ཉིན་གྱི་ཆུ་ཚོད་12པའི་བར་དུ། དབྱི་ལུང་རྟགས་ཅན་གྱི་མི་མེད་གནམ་གྲུས་རིམ་རྩིས་བརྒྱབ་ན་ཆུ་ཚོད་130ལྷག་ཙམ་འཕུར་སྐྱོད་བྱས་ནས་ཁ་པར་ཐེངས་3900ལྷག་ཙམ་གཏོང་ལེན་ཐུབ་པའི་འགན་ལེན་བྱས་པ་རེད།
ཟླ་8ཚེས་31ཉིན་གྱི་སྔ་དྲོར། ཆུ་བེད་པུས་གྲོས་མོལ་ཚོགས་འདུ་འཚོགས་ནས་བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་འབྲེལ་ཐག་ཧྲིལ་པོའི་ཉེན་ཁར་འགུལ་རྣམ་བརྡར་གཅོད་བྱས་ཏེ། ཉེན་སེལ་རོགས་སྐྱོབ་ལ་ཆུ་བེད་རྒྱབ་སྐྱོར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཚེས་31ཉིན་གྱི་བརྙན་པར་ལ་དབྱེ་ཞིབ་བྱས་པར་གཞིགས་ན། ནེ་པ་ལའི་མཚོ་འཇམ་གཙང་པོའི་ཆུ་རླབས་རྡབ་རྡེག་ས་དོང་གི་ཆུ་གཟུགས་ཕྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་8.3(ཚེས་30ཉིན་གྱི་ཆུ་ཚོད་11པ་ལས་སྨི་ངོས་གྲུ་ཁྲི་2.5ཉུང་དུ་ཕྱིན་པ་དང་ཚེས་30ཉིན་གྱི་ཆུ་ཚོད་19ལས་སྨི་ངོས་གྲུ་ཁྲི་1.4ཆུང་དུ་ཕྱིན་ཡོད) གཙང་པོའི་སྨད་རྒྱུད་ཀྱི་སྤྱི་ལེ་2.5ཡི་ཁྱབ་ཁོངས་ནང་རྒྱ་ཁྱོན་ཆུང་བའི་ཆུ་འཁྱིལ་ཁུལ་ཁག་3ཡོད་པ་ཚང་མ་ཆུ་བོ་རྒྱུག་ལམ་དང་སྦྲེལ་ཡོད། ནེ་པ་ལའི་མཚོ་འཇམ་གཙང་པོའི་ཆུ་རླབས་རྡབ་རྡེག་ས་དོང་མཐའ་འཁོར་དུ་འཁྱགས་རོམ་གས་པའི་ཉེན་ཁ་སྔར་བཞིན་ཆེན་པོ་ཡོད།
ཚེས་31ཉིན་བར། བོད་རང་སྐྱོང་ལྗོངས་གནམ་གཤིས་སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་དུས་ཐེངས་20ལྷག་ཙམ་གྱི་གནམ་གཤིས་ཞབས་ཞུའི་ཆེད་དོན་སྙན་ཞུ་དང་། དུས་ཐེངས་13གྱི་རོགས་སྐྱོབ་འཕུར་སྐྱོད་གནམ་གཤིས་ཆ་རྐྱེན་གྱི་ཤུགས་རྐྱེན་སྐོར་གྱི་སྔོན་བརྡ། དུས་ཐེངས་8ཀྱི་དིང་རིའི་གནམ་ཐང་གི་གནམ་གཤིས་ཞབས་ཞུའི་ཆེད་དོན་སྙན་ཞུ། དུས་ཐེངས་11གི་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་ཕྱོགས་བསྡུས་དབྱེ་ཞིབ་སྙན་ཞུ། དུས་ཐེངས་20ལྷག་ཙམ་གྱི་ས་ཡུལ་དངོས་ཀྱི་སྲུང་སྐར་རྒྱང་ཚོར་བརྙན་པར་བཅས་བཟོས་ནས་ཁྱབ་བསྒྲགས་བྱས་པ་རེད།
གནམ་གཤིས་ལག་རྩལ་ཚོགས་པས་སྲུང་སྐར་ལྟ་ཞིབ་ཚད་ལེན་གྱི་ཐོན་རྫས་རྒྱུན་མཐུད་མཁོ་འདོན་བྱས་ཏེ། འགག་སྒོར་གཏོར་སྐྱོན་ཕོག་པའི་གནས་ཚུལ་དང་། རི་ཉིལ་ཕྱོགས། འཁྱིལ་མཚོ་སོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་པར་དཔྱད་གཞི་མཁོ་འདོན་བྱས་ནས་ཉེན་སེལ་རྒུད་སྐྱོབ་ལ་བར་མཐོངས་ཆ་འཕྲིན་གྱི་འདེགས་སྐྱོར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།