དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-03

    འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་སི་ཁེག་ཏུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་ཚོགས་འདུར་ཞུགས་པ་དང་སྦྲགས《འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཐུན་མོང་ཐོག་དར་སྤེལ་བཏང་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་བྱེད་དགོས》 ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།

    འདི་ནི་ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་ཀྲ་ཕ་ལུའོ་ཧྥུའུ་ཡིས་ཚོགས་ཞུགས་འཐུས་མི་ཚོགས་པའི་ཚོགས་གཙོར་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་ནས་ལྷན་དུ་སྐུ་པར་བསྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་སི་ཁེག་ཏུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་ཚོགས་འདུར་ཞུགས་པ་དང་སྦྲགས《འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཐུན་མོང་ཐོག་དར་སྤེལ་བཏང་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་པ་དང་སྣེ་མང་ཅན་གྱི་འཛམ་གླིང་གཏོད་རྒྱུར་དམིགས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་དུས་རབས་ཀྱི་ལས་འགན་སྒྲུབ་སེམས་མངོན་ཡོད།

    མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཀྱིས་སྤྱི་ཡོངས་ཀྱི་འཕེལ་རྒྱས་ལས་ལྡོག་སྟེ་བྱ་འགུལ་སྤེལ་བཞིན་ཡོད་མོད། འོན་ཀྱང་རྒྱལ་ཁབ་མང་ཆེ་བས་བཙན་དབང་ཆབ་སྲིད་ཁས་མི་ལེན་པ་དང་། གདོང་ཐུག་དང་འགྲན་རྒོལ་བྱེད་མི་འདོད་པ། སྒོ་སྡོམ་དང་རྗེས་སུ་ལུས་འདོད་མེད་པར། རང་ངོས་འཕེལ་རྒྱས་དང་རྒྱལ་སྤྱིའི་མཉམ་ལས་བརྒྱུད་འཛམ་གླིང་གི་གར་སྟེགས་ཐོག་ནས་རང་ཉིད་ལ་དབང་བའི་གདན་ཐོབ་གཅིག་འདྲ་མཉམ་ངང་རག་པའི་རེ་སྒུག་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཆེར་མངོན་གསལ་དོད་པོ་ཕྱིན་ནས་རྒྱལ་སྤྱིའི་སྟོབས་ཤུགས་བསྡུར་བ་ལེགས་སྒྲིག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བས། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོགས་ཆེན་པོ་ནི་འགོག་ཐབས་བྲལ་བ་ཞིག་རེད། འཛམ་གླིང་ལ་སྣེ་མང་ཅན་གང་འདྲ་ཞིག་དགོས་སམ། རྒྱལ་ཁབ་ཁག་སྣེ་མང་ཅན་ནང་ཇི་ལྟར་ཞུགས་དགོས་པ་དང་། དེར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གདམ་ག་ཡང་དག་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་ཧུར་ཐག་གཏོང་གི་ཡོད་པས། བདག་དབང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་གཞི་རྩའི་རྩ་དོན་དང་། དོ་སྙོམས་དང་གོ་རིམ་ལྡན་པ་དང་ཁྲིམས་སྐྱོང་ལ་སྲུང་བརྩི་ཞུ་རྒྱུ་ནི་ལྡོག་མེད་ཀྱི་བླང་བྱ། ཕྱོགས་མང་རིང་ལུགས་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་ནི་འགག་རྩའི་ཐབས་ལམ། གཉིས་ཁེ་གཉིས་ཕན་དང་ཀུན་ཕན་བསྟུན་མཁས་ནི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་རེད། རྒྱལ་ཁབ་ཁག་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ཇི་འདྲ་ཡིན་རུང་ཚང་མར་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བ་མཐའ་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ནི་སྣེ་མང་བཀོད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་ཀྱང་ཡིན་པས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་བྱེད་དབང་ཆེ་རུ་གཏོང་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས་ཚད་གཞི་ཉིས་བརྩེགས་དང་། དམིགས་བསལ་རིང་ལུགས། ཐེ་ཇུས་ཧམ་ཤེད། ཆེ་བཙན་ཆུང་བརྙས་བཅས་དོར་ནས་རྒྱལ་སྤྱིའི་འབྲེལ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། ལྷག་པར་དུ་རྒྱལ་ཁབ་ཆེན་པོས་སྣེ་ཁྲིད་དེ་སྒྲིག་ལམ་སྲུང་བ་དང་ཁྲིམས་སྐྱོང་ལ་སྣང་ཆེན་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་ལ་མཉམ་དུ་ཁ་གཏད་གཅོག་དགོས། འཛམ་གླིང་ཐོག་གི་དོན་དག་ཚང་མ་རྒྱལ་ཁབ་ཁག་དབར་གྲོས་མོལ་བྱས་ནས་སྒྲུབ་པ་དང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གསོན་ཤུགས་བསྐྱར་གསོ་བྱེད་དགོས་པ་དང་གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་ཕྱོགས་མང་ལམ་སྲོལ་སྣ་ཚོགས་དེ་བས་མཐུན་སྦྱོར་དང་ནུས་ཆེ་ཡོང་བ་བྱེད་དགོས། འཕེལ་རྒྱས་ཀྱི་གྲོས་གཞིར་དམིགས་ནས་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་པ་དང་གྲངས་གཞི་དང་རིག་ནུས་ཀྱི་འགལ་རྐྱེན་བསལ་ཏེ་ལག་རྩལ་གསར་བརྗེ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལོ་25བཏང་བ་བརྒྱུད་རྒྱལ་ཁབ་ཆེན་པོའི་དབར་དང་། ཁྱིམ་མཚེས་རྒྱལ་ཁབ་དབར། རྒྱལ་ཁབ་ཆེ་ཆུང་དབར་བཅས་ཀྱི་འབྲེལ་བའི་དཔེ་མཚོན་གང་ལེགས་བཏོད་པ་དང་གོ་ལ་ཧྲིལ་པོའི་མི་འབོར་ཕྱེད་ཀ་ཙམ་དང་དཔལ་འབྱོར་གཞི་ཁྱོན་བཞི་ཆ་གཅིག་ཙམ་གྱི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། མཐུན་སྒྲིལ་སྔར་ལས་ཟབ་པ་དང་གསོན་ཤུགས་དེ་བས་ཆེ་བའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་ཐུབ་ངེས་རེད། ཕྱོགས་ཁག་གིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་འགན་འཁྲི་འཁུར་བ། མི་རྩ་བར་འཛིན་རྒྱུར་གཞི་ཚུགས་པ། བྱ་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་སྔར་བས་ལེགས་པ་འདོན་རྒྱུའི་ཐད་གྲོས་འགོ་གསུམ་བཏོན་གནང་བ་སྟེ།

    དང་པོ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”ལ་བརྟེན་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོ་མཉམ་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མུ་མཐུད་ལེགས་ཆ་འདོན་པ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་བརྟེན་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་འཕར་སྣེ་མང་པོ་སྦྲེལ་མཐུད་བྱས་ཏེ་ཕན་ཚུན་མཐུན་རྐྱེན་སྦྱོར་བ་དང་མཉམ་དུ་གྲུབ་འབྲས་ཐོབ་པར་བྱེད་པ་དང་གོ་སྐབས་མཉམ་གཏོད་དང་དར་རྒྱས་མཉམ་སྤྱོད་བྱེད་དགོས།

    གཉིས་པ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བློ་གྲོས”ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། “ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་རོགས་ཟླ་མཐུན་སྒྲིལ་དང་རྒྱ་སྐྱེད་བཏང་སྟེ་ཐུན་མོང་ཐོག་ཞི་བདེའི་ཆེད་དུ་སྐད་ཆ་ཤོད་པ་དང་། འཕེལ་རྒྱས་ཆེད་དུ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཉམ་ལས་ཆེད་དུ་སྦྲེལ་ཟམ་འཛུགས་པ། གཉིས་ཕན་ཆེད་དུ་འགྲོ་ལམ་འདིང་བ་བཅས་བྱེད་དགོས།

    གསུམ་པ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བྱ་སྤྱོད”ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་ཁྲིད་སྟོན་བྱེད་དགོས། རོགས་ཟླ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པ་དང་སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་མཐའ་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་དུ་རྒྱལ་ཁབ་ཁག་འདྲ་མཉམ་ངང་ཞུགས་པ་དང་ཡོངས་ཁྱབ་ངང་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་དང་། མོང་གོལ་རྒྱལ་ཁབ་དང་། ཨ་ཟེར་བྷེ་ཇན། ཨར་མེ་ཉི་ཡ། ཨེ་ཅིབ། ལོ་སི། ཐུར་ཁེ། ཝེ་ཐེ་ནམ། ཐོ་ཀོ་སོགས་གདན་ཞུས་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་འགན་འཁུར་བ་ཞུགས་ཡོད་པ་རེད།

    ཚོགས་འདུ་མ་འཚོགས་གོང་ཞི་ཅིན་ཕིང་ཀྲ་ཕ་ལུའོ་ཧྥུའུ་ཡིས་ཚོགས་ཞུགས་འཐུས་མི་ཚོགས་པའི་ཚོགས་གཙོར་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་ནས་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།