དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-03

    འདི་ནི་ཞི་ཅིན་ཕིང་གིས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གནང་བཞིན་པ།

    འདི་ནི་ཞི་ཅིན་ཕིང་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ལྷན་དུ་སྐུ་པར་བསྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པི་སི་ཁེག་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་སི་ཁེག་ཏུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་པ་རེད།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མེ་ཁེ་པ་ཡེ་ཧྥུའུ་སོགས་ཚོགས་འདུར་ཞུགས་པ་རེད།

    ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་དང་། དེ་རྗེས་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་ནས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ལོ་25ཡི་གོང་འཇམ་འཐབ་ཀྱི་སྣ་སུན་ཟབ་མོ་དང་། “ངན་ཤུགས་གསུམ”གྱི་དངོས་ཡོད་འཇིགས་སྐུལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་ཆེན་པོ་བཅས་ཀྱི་མདུན་དུ་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དེ་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གྱུར་ཡོད། དེའི་དབང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པ་མ་ཟད་ཉིན་རེ་ལས་མ་འདས་པར་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོའང་མངོན་ཡོད། ལོ་25ཡི་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཅིང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེ་ཤོས་ནི་གོམ་པ་རེ་རེ་བཞིན་འཛམ་གླིང་ཐོག་ཁྱབ་ཁོངས་རྒྱ་ཆེ་ཤོས་དང་། མི་འབོར་མང་ཤོས། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་བཅས་ལྡན་པའི་ས་ཁོངས་མཉམ་ལས་རྩ་འཛུགས་གསར་པར་གྱུར་པ་དེ་ཡིན་པ་དང་། བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས་ནི་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་བརྩོན་ལེན་བཅས་བྱེད་པའི“ཧྲང་ཧའེ་ཡི་སྙིང་སྟོབས”གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་ཏེ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུ་བཞིན་ཡོད་པ། མཉམ་ལས་ཀྱི་ཉམས་མྱོང་གལ་ཆེ་ཤོས་ནི་མནའ་འབྲེལ་དུ་མི་ཞུགས་པ་དང་། ཁ་གཏད་དུ་མི་ལངས་བ། ཕྱོགས་གསུམ་པར་མདུང་རྩེ་ཁ་སྤྲོད་མི་བྱེད་པ་བཅས་ཀྱི་ཡང་དག་པའི་མཉམ་གནས་ལམ་བུ་བཙལ་ནས་ས་ཁུལ་དང་རྒྱལ་ཁབ་ཁག་དང་མཉམ་དུ་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དེ་རེད། ལོ་25སོང་རྗེས་ཀྱི་དེང་གི་དུས་སུ། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། སྐད་ཆ་ཤོད་རེས་དང་ཁ་གཏད་དུ་ལངས་པའི་དབར་དང་། གཉིས་ཕན་དང་གཉིས་ཕམ་དབར། ཕྱོགས་མང་དང་ཕྱོགས་རྐྱང་དབར་བཅས་འགྲན་རྩོད་དྲག་པོ་བྱེད་པའི་དབང་གིས་དམག་འཁྲུག་གི་དུ་ཞག་ཡོངས་སུ་ཡལ་མེད། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་གི་འགག་རྩའི་དུས་སུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཏེ་རང་འགུལ་ངང་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་དགོས།

    ཞི་ཅིན་ཕིང་གིས་དགོངས་ཚུལ་ཁག་4བཏོན་གནང་བ་སྟེ།

    གཅིག འཕེལ་རྒྱས་སྔོན་ལ་འཇོག་པ་མཐའ་འཁྱོངས་བྱས་ནས་ཐུན་མོང་དར་རྒྱས་ཀྱི་མདུན་ལམ་གཏོད་དགོས་ཤིང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ་ཚོང་དོན་མ་འཇོག་དང་། ཕན་ཚུན་འབྲེལ་མཐུད། ནུས་རྒྱུའི་ཐོན་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཐོན་ལས། ལྗང་མདོག་གཏེར་ཐོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ས་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏན་ཏིག་དང་སྤུས་ཚད་དང་རིམ་པ་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སྔོན་ལ་ལག་ལེན་བསྟར་སའི་ས་ཁོངས་སུ་བརྩིས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་དང་ཞིང་ལས་འགྲེམས་ཚོགས་སོགས་ཀྱི་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ལ་ཕྱོགས་ནས་རྒྱལ་སྤྱིའི་མི་ཐབས་རིག་ནུས་བཀོལ་སྤྱོད་མཉམ་ལས་ལྟེ་གནས་འཛུགས་པ། ཐེན་ཅིན་དུ་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགག་སྒོའི་དཔལ་འབྱོར་མཉམ་ལས་ལྟེ་གནས་འཛུགས་པ་བཅས་བྱས་ནས་འབྱུང་འགྱུར་ལོ་3ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དང་མཉམ་འབྲེལ་ཐོག་ཚན་རྩལ་མཉམ་ལས་རྣམ་གྲངས་100ལག་བསྟར་བྱ་རྒྱུ་ཡིན།

    གཉིས། བདེ་འཇགས་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་དགོས་ཤིང་། རྒྱུན་སྲོལ་དང་རྒྱུན་སྲོལ་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་སྤྱི་འདོམས་ཁ་གཏད་བཅག་སྟེ“ངན་ཤུགས་གསུམ”དང་། རྒྱལ་ཁོངས་ལས་བརྒལ་ཞིང་སྒྲིག་འཛུགས་ཡོད་པའི་ཉེས་གསོག དུག་རྫས་ལྐོག་འདྲེན། གློག་འཕྲིན་ཁ་བསླུས་བཅས་ལ་རྡུང་རྡེག་གཏོང་བ་དང་། ཆ་འཕྲིན་དང་། སྐྱེ་དངོས། ཕྱི་རིམ་བར་སྣང་བཅས་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་རྒྱལ་ཁབ་ཁག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ། ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་བཅས་གཏན་འགོག་ནན་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་ལེན་བསྟར་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་བསྐྲུན་འདོད་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“བདེ་འཇགས་ལྟེ་གནས་བཞི”གང་མགྱོགས་སྤྱོད་འགོ་བཙུགས་ཏེ་བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་ནུས་པ་ཆེ་རུ་གཏོང་བར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    གསུམ། མི་རྩ་བར་འཛིན་པ་མཐའ་འཁྱོངས་བྱས་ཏེ་མི་རབས་ནས་མི་རབས་བར་གཏོད་པའི་མཛའ་མཐུན་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ཀྱི་ལམ་ལུགས། འཕེལ་རྒྱས་ཀྱི་དུས་མཚམས་བཅས་ཀྱི་ཁྱད་ཆོས་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། སློབ་གྲྭ རིག་མཛོད། ཁེ་ལས། སྨྱན་སྦྱོར་སོགས་ཀྱི་མཉམ་ལས་དྲ་རྒྱ་འཛུགས་པ་དང་དམངས་ཁྲོད་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ་ཁོངས་མིའི་རྒྱལ་ཁབ་དབར་གྱི་ཁྱིམ་མཚེས་མཛའ་མཐུན་ལ་གསོན་ཤུགས་འཕེལ་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དོན་འཁྱོལ་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་དམངས་ཁྲོད་ཀྱི་མཛའ་མཐུན་སྒྲིག་གཞིའི་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྨང་གཞིའི་སློབ་གསོའི་མཉམ་ལས་ལྟེ་གནས་འཛུགས་རྒྱུ་མ་ཟད། ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་སོགས་རྣམ་གྲངས་བརྒྱུད་སྤེལ་རེས་དང་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་མུ་མཐུད་འཛུགས་འདོད་ཡོད།

    བཞི། སྐད་ཆ་ཤོད་རེས་དང་གྲོས་མོལ་མཐའ་འཁྱོངས་བྱས་ནས་དྲང་གཞག་དང་གོ་རིམ་ལྡན་པའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་དང་ས་ཁུལ་གྱི་ལས་དོན་ཐད་མཉམ་གྲོས་མཉམ་གླེང་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས། སྐད་ཆ་ཤོས་རེས་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་དང་མི་མཐུན་པ་ཐག་གཅོད་འཚམ་པོ་བྱེད་པ་དང་ཕྱོགས་མང་མཉམ་ལས་ལ་བརྟེན་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་ལེན་བསྟར་བའི་ཐད་དཔེ་སྟོན་རང་བཞིན་གྱི་མཉམ་ལས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཁོར་རྒྱུག་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཐབས་ཇུས་དང་ལག་བསྟར་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་གྲོས་འགོ་འདོན་གི་ཡིན། བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་དེ་བས་མང་བ་རོགས་ཟླར་གྱུར་ནས་ཐུན་མོང་ཐོག་ས་ཁོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡིན་པ་བཅས་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་ལོ་10ཡི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ཡོང་བ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

    ཚོགས་འདུར་ཞུགས་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་25སོང་རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་དང་དར་རྒྱས་ཆེད་འགན་སྲུང་གལ་ཆེན་བྱས་པས། གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་རྡོའི་གྲས་ཤིག་ཏུ་གྱུར་པའི་ངོས་འཛིན་བྱས་པ་རེད། ཕྱོགས་ཁག་གིས་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་རྩ་འཛུགས་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱས་པ་དང་། 2025ལོའི་ཐེན་ཅིན་དབུ་ཚོགས་ཀྱི་འཐབ་ཇུས་འཆར་འགོད་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ། ལམ་སྲོལ་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་དོན་དང་། མ་འཇོག ཚན་རྩལ། ནུས་རྒྱུ། དངུལ་རྩ། ཐོན་ལས་འཁོར་འབྲེལ། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ཟབ་ཏུ་གཏོང་བ། མཉམ་དུ་བདེ་འཇགས་ཀྱི་འགྲན་སློང་གསར་པར་ཁ་གཏད་གཅོག་པ་བཅས་བྱས་ནས་ཡུན་རིང་ཞི་བདེ་དང་ཐུན་མོང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་མོས་མཐུན་བྱས་པ་རེད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་ཁུལ་དེ་རང་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ནུས་པ་དེ་བས་ཆེ་བ་འདོན་དགོས་ཚུལ་བསྟན་པ་རེད།

    ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་པི་སི་ཁེག་གི་བསྒྲགས་གཏམ》ལ་མིང་རྟགས་བཀོད་ནས་སྤེལ་བ་དང་། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་འཛིན》གྱི་གྲོས་ཆོད་ཡི་གེ་དང་། བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ལྟེ་གནས་ཀྱི་སྲོལ་ཡིག དུག་འགོག་ལྟེ་གནས་ཀྱི་སྲོལ་ཡིག་བཅས་ལ་བཟོ་བཅོས་དང་ཁ་གསབ་བྱ་རྒྱུར་ཆོག་མཆན་སྤྲད་པ། དེ་བཞིན་བདེ་འཇགས་དང་། དཔལ་འབྱོར། མི་ཆོས་རིག་གནས་བཅས་ཀྱི་མཉམ་ལས་དང་རྩ་འཛུགས་འཛུགས་སྐྱོང་སོགས་ལ་ཤུཌ་སྣོན་བརྒྱབ་པའི་གྲུབ་འབྲས་ཡིག་ཆ་ཁག་28ལ་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་ཕ་ཁི་སི་ཐན་གྱིས་2026ལོ་དང་2027ལོའི་ལོ་འཁོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།