ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བ།
བགྲང་བྱ་བདུན་ཅུར་དཀའ་སྡུག་མཉམ་མྱོང་བྱས། འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་སྐྱོད།
ཟླ་9ཚེས་1ཉིན། ཁེ་རོར་ཕེབས་ནས་ཨེ་ཅིབ་ཏུ་རྒྱལ་དོན་འཚམས་འདྲི་གནང་ཉེར་ཡོད་པའི་མཚམས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》དང་། 《ཆ་འཕྲིན་ཚགས་པར》 《སྤྱི་མཐུན་རྒྱལ་ཁབ་ཀྱི་ཚགས་པར》བཅས་སུ་འགོ་བརྗོད་དུ《བགྲང་བྱ་བདུན་ཅུར་དཀའ་སྡུག་མཉམ་མྱོང་བྱས། འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་སྐྱོད》ཅེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཞིང་། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ་ཏེ།
ཙུང་ཐུང་སའེ་ཤིས་ཀྱི་གདན་ཞུས་ལྟར་ཉེ་དུས་ངས་ཨེ་ཅིབ་ཏུ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན། ད་ཐེངས་ནི་ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཉི་ལུའོ་གཙང་པོས་བསྐྱངས་པའི་ཨེ་ཅིབ་ཀྱི་ས་གཞི་གཤིན་པོར་སྐྱོད་ཐེངས་གཉིས་པ་ཡིན། ཨེ་ཅིབ་ཀྱི་ཤོད་རྒྱུན་དུ། “ཉི་ལུའོ་གཙང་པོའི་ཆུ་འཐུང་མྱོང་ཡོད་ན་སླར་ཡང་ཕེབས་ངེས་རེད”ཅེས་བརྗོད་སྲོལ་ཡོད། ལོ་བཅུའི་གོང་ངས་ཨེ་ཅིབ་ཏུ་འཚམས་འདྲི་བྱས་ནས་ཨེ་ཅིབ་ཀྱི་གནའ་བོའི་ཤེས་དཔལ་ཟབ་མོ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། སླར་ཡང་དེ་གར་བསྐྱོད་སྐབས་ངས་ཙུང་ཐུང་སའེ་ཤིས་དང་ལྷན་དུ་མཛའ་གྲོགས་ལྷུག་པོར་གླེང་བ་དང་མཉམ་ལས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་ཆེད་འཆར་གཞི་གསར་པ་འགོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
“ལུགས་དང་མཐུན་ན། གྲོགས་ལ་ཉེ་རིང་མེད”ཞེས་པ་ལྟར། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀ་ཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་ཡིན་པས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་གཅེས་ནོར་ལེགས་སྐྱེས་ཕུལ་ཡོད། འབྲི་ཆུ་དང་། རྨ་ཆུ། ཉི་ལུའོ་གཙང་པོ་བཅས་ཀྱིས་ཀྲུང་ཧྭའི་ཤེས་དཔལ་དང་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་བསྐྱངས་ཡོད། དཀར་ཡོལ་དར་གོས་མཚོ་ཐོག་ལམ་བུར་དྲངས། འཚེར་འཚེར་བྱེ་མའི་འོད་མདངས་ཐགས་སུ་བཀྲ ཀྲུང་གོ་དང་ཨེ་ཅིབ་ཀྱི་ཤེས་དཔལ་ཆེན་པོ་གཉིས་བར་ཐག་རིང་ཡང་ཕན་ཚུན་མྱོང་རོལ་བྱེད་ཀྱི་ཡོད། གནའ་བོའི་དར་གོས་ལམ་བུ་ལོ་ངོ་སྟོང་ཕྲག་མང་པོ་རྒྱུན་མཐུད་པས་མཛའ་གྲོགས་འགྲོ་འོང་གི་གོམ་སྟབས་ནམ་ཡང་མཚམས་འཇོག་མྱོང་མེད། ཀྲུང་གོའི་དར་གོས་དང་། དཀར་ཡོལ། ཤོག་བུ། བཙོ་སྦྱངས་བཅས་ཀྱི་ལག་རྩལ་ནུབ་ཕྱོགས་སུ་དར་བ་དང་ཨེ་ཅིབ་ཀྱི་དྲི་ཞིམ་རྒྱུ་ཆ་དང་། བཻཌཱུརྱ། གནམ་རིག་སྐར་རྩིས་བཅས་ལེ་དབར་ཁྲི་ཕྲག་བརྒྱུད་ནས་ཤར་ཕྱོགས་སུ་དར་ཡོད། ཨེ་ཅིབ་ཀྱི་ཕུའུ་སི་ཐ་ཐེའི་རྗེས་ཤུལ་ནས་ཐོན་པའི་ཀྲུང་གོའི་རྒྱུན་གནས་དངོས་རྫས་རེ་རེས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གནའ་སྔ་མོ་ནས་བཟུང་འབྲེལ་བ་དམ་ཟབ་དང་མཛའ་གྲོགས་ཟབ་མོ་ལྡན་པར་བདེན་དཔང་བྱས་ཡོད།
ལོ་ངོ་70ཡི་གོང་། ཀྲུང་གོ་དང་ཨེ་ཅིབ་དབར་དངོས་སུ་ཕྱི་འབྲེལ་བཙུགས་ནས་ཀྲུང་གོ་གསར་པ་དང་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་ཀྱི་སྒོ་མོ་ཕྱེ་ཡོད། ལོ་ངོ་70ཡི་རིང་ངལ་བ་ཁྱད་བསད་བྱས་ནས་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་རྗེས། ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་མི་འཛོལ་བ་དང་། རང་མདངས་མི་འགྱུར་བ། སྒུལ་ཤུགས་མི་ཉམས་པ་བཅས་བྱས་པས་ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་སྡེབ་མཉམ་ལས་ཀྱི་མིག་དཔེ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཛའ་མཐུན་མཉམ་གནས་དང་མཐུན་སྒྲིལ་རོགས་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད།
—— ཀྲུང་གོ་དང་ཨེ་ཅིབ་ནི་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་ཀྱི་མཛའ་བརྩེ་ཟབ་པའི་སྤུན་གྲོགས་ཤིག་ཡིན། མི་རིགས་རང་བཙན་དོན་གཉེར་བྱེད་པ་དང་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཨེ་ཅིབ་ཀྱིས་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་བདག་དབང་ཕྱིར་ལེན་པའི་འཐབ་རྩོད་ཁྲོད་ཀྲུང་གོས་རྒྱབ་སྐྱོར་གྱི་འབོད་སྒྲ་གྲགས་ཡོད། ཀྲུང་གོ་གསར་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱེད་པའི་འཐབ་རྩོད་ཁྲོད་ཨེ་ཅིབ་ཀྱིས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་རྒྱལ་ཁབ་མང་པོ་ཞིག་དང་མཉམ་དུ་ཡིད་མཐུན་འདེམས་ཤོག་འཕངས་ཡོད། མིག་སྔར། ཀྲུང་གོ་དང་ཨེ་ཅིབ་ཕྱོགས་གཉིས་པོས་ཕན་ཚུན་དབར་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
—— ཀྲུང་གོ་དང་ཨེ་ཅིབ་ནི་ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་ཕན་གྱི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན། ཨེ་ཅིབ་ནི་ཨ་རབ་ཡུལ་ཕྱོགས་དང་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཚོང་དོན་དང་མ་འཇོག་རོགས་ཟླ་གལ་ཆེན་ཞིག་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་ཡིན། ལོ་10ཡི་གོང་ང་དང་ཙུང་ཐུང་སའེ་ཤིས་མཉམ་དུ་སྒོ་བྱང་ཕྱེ་བའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་སུའུ་དབྱི་ཧྲིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱིས་ས་གནས་དེ་གར་མ་འཇོག་དང་ལས་ཞུགས་འབོར་ཆེན་མཁོ་འདོན་ཐུབ་ནས་ཨེ་ཅིབ་ཀྱིས་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བར་རམ་འདེགས་བྱས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ཏུ་ཨ་ཧྥེ་རི་ཁའི་ཐོག་བརྩེགས་ཁང་ཆེན་མཐོ་ཤོས་དང་ཨ་ཧྥེ་རི་ཁའི་གྲོང་སྦྲེལ་གློག་ཤུགས་ཅན་གྱི་ཐེག་ཆུང་མེ་འཁོར་དང་པོ་བསྐྲུན་པ་དང་ཨེ་ཅིབ་ཀྱི་ཚ་ལུ་མ་སོས་པ་རྣམས་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ལ་སྒོ་ཁྲལ་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་རྗེས་ཀྲུང་གོའི་ཁྲོམ་རར་ཁག་དང་པོར་ཞུགས་པའི་ཨ་ཧྥེ་རི་ཁའི་ཐོན་རྫས་ཤིག་ཏུ་གྱུར་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད།
—— ཀྲུང་གོ་དང་ཨེ་ཅིབ་ནི་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཡིན། ཨེ་ཅིབ་ནི་ཀྲུང་གོ་གསར་པ་དང་རིག་གནས་མཉམ་ལས་ཀྱི་ཆོད་དོན་ལ་མིང་རྟགས་འགོད་མཁན་གྱི་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཕུན་སུམ་ཚོགས་པོ་ཡོད། ཨེ་ཅིབ་ཆེན་པོའི་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱིས་ཀྲུང་གོའི་ཡུལ་སྐོར་བ་འབོར་ཆེན་གྱི་ཡིད་དབང་བཀུག་ཡོད། ན་ནིང་ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་གིས་གཉེར་བའི“གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འགྲེམས་སྟོན་ཆེན་མོའི”སྤ་སེ་ཧ་ཅང་རག་དཀའ་བ་དང་། ཨེ་ཅིབ་ཀྱི་སློབ་འབྲིང་40ལྷག་ཙམ་ལ་རྒྱ་ཡིག་སློབ་ཁྲིད་བྱས་པས་ལས་རིགས་སློབ་གསོའི་མཉམ་ལས་ཀྱིས་ཨེ་ཅིབ་ཀྱི་དམངས་ཚོགས་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད། ཤེས་དཔལ་ཆེན་པོ་གཉིས་ཡུལ་དུས་བརྒལ་ནས་གཉིས་མོས་མཉམ་འབད་བྱས་ཏེ་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་མི་དམངས་མི་རབས་ནས་མི་རབས་མཛའ་མཐུན་གྱི་ལེའུ་རྒྱུན་ཆད་མེད་པར་བརྩམས་ཡོད།
—— ཀྲུང་གོ་དང་ཨེ་ཅིབ་ནི་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་ཡིད་རྟོན་གྱི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡིན། 1955ལོར་འཚོགས་པའི་དབན་ལུང་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་ལ་ཐུན་མོང་སྐུལ་འདེད་བཏང་ཡོད། མིག་སྔར་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། དྲང་གཞག་དྲང་བདེན་དར་སྤེལ། ཕྱོགས་མང་རིང་ལུགས་ལག་བསྟར་སོགས་ཀྱི་ཐད་ཐུན་མོང་གི་དམིགས་ཚད་དང་དོན་གཉེར་ལྡན་པས་ཕྱོགས་གཉིས་པོས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཚང་མས་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཡོང་བར་གཞོལ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ཐོག་རང་སྟོབས་ཆེ་རུ་གཏོང་བ་དང་དྲང་གཞག་དྲང་བདེན་བརྟན་སྲུང་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱས་ཡོད།
ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཡག་པོ་བྱུང་བ་དང་ད་ལྟ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་བཞིན་ཡོད། ཨེ་ཅིབ་ཀྱི“སྤྱི་མཐུན་རྒྱལ་ཁབ་གསར་པ”འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱས་ནས“2030ལོའི་ཕུགས་འདུན”གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད།
ང་ཚོས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་མཛའ་གྲོགས་རྒྱུན་འཛིན་གྱི་མིག་དཔེ་གཏོད་དགོས། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་མཐུན་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་གཏོད་གནང་བ་ཞིག་ཡིན་པས། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཡག་པོ་གཏོང་བ། དར་སྤེལ་ཡག་པོ་གཏོང་བ་བཅས་བྱ་རྒྱུ་ནི་ང་ཚོ་མི་རབས་འདིའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་རེད། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨེ་ཅིབ་དབར་གྱི་མཛའ་གྲོགས་ཀྱི་རྒྱུག་མཐུད་དབྱུག་པ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།
ང་ཚོས་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཏེ་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་ཚད་ཤིང་འཛུགས་དགོས། ཀྲུང་གོར་གོ་ལ་ཧྲིལ་པོའི་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་བཟོ་ལས་མ་ལག་ཡོད་པ་དང་མ་དངུལ་དང་། ལག་རྩལ། སྒྲིག་ཆས་སོགས་ཀྱི་ཐད་ལེགས་ཆ་ལྡན་ཡོད། ཨེ་ཅིབ་ལ་མི་འབོར་མང་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། ཁྲོམ་ར་རྒྱ་ཆེན་པོ་བཅས་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཧུར་ཐག་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་བར་མཐོངས་ཆེ་རུ་བཏང་སྟེ་ཀྲུང་གོ་དང་ཨེ་ཅིབ་ཀྱི་གཉིས་ཕན་མཉམ་ལས་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་དགོས།
ང་ཚོས་བདག་མཛེས་བདག་གིས་ཤེས་པར་བྱས་ཏེ་ཤེས་དཔལ་སྤེལ་རེས་ཀྱི་མིག་དཔེ་གཏོད་དགོས། ཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱིས་འདྲ་མཉམ་དང་། མིག་ལྟོས། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བ། མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཧུར་ཐག་བཅས་བྱས་ནས་ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་ཐུབ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། ཡུལ་སྐོར། ཚན་རྩལ། འཕྲོད་བསྟེན། ལུས་རྩལ། གནའ་རྫས་རྟོག་ཞིབ་སོགས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་འབྲེལ་ཐག་དམ་དུ་བཏང་ནས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་ཟམ་མི་ཆད་པར་བསྣན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་སྔར་ལས་མང་བ་གཅིག་བསྡུས་བྱེད་དགོས།
ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ་དྲང་བཞག་དྲང་བདེན་སྲུང་སྐྱོང་གི་གདོང་ལེན་པ་བྱེད་དགོས། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེན་པོ་ཡོད། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་བཞག་དྲང་བདེན་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས།
ང་ཚོས་ལག་སྦྲེལ་སེམས་མཐུན་གྱི་སྒོ་ནས་ཀྲུང་གོ་དང་ཨ་རབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་སྣེ་ཁྲིད་པ་བྱེད་དགོས། ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཨེ་ཅིབ་ཀྱིས་ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་སྡེབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨེ་ཅིབ་ཀྱི་གནད་སྨིན་འཐུས་ཚང་གི་མཉམ་ལས་དཔེ་སྟོན་ཕན་འབྲས་ཆེ་རུ་གཏོང་བ་དང་། ཨ་རབ་འཛམ་གླིང་དང་འབྲེལ་མཐུད་བྱེད་པ་དང་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་ཁྱབ་འགྱེད་ཐུབ་པའི་ཨེ་ཅིབ་ཀྱི་དམིགས་བསལ་གྱི་ས་བབ་ལེགས་ཆ་བཏོན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་ཀྱི་བཀོད་པ་ཆེན་པོ་ལྔ”གཏོད་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུའི་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་རབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དུས་བསྟུན་འཕེལ་རྒྱས་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ལོ་ངོ་བདུན་ཅུའི་རིང་དཀའ་སྡུག་མཉམ་མྱོང་བྱས། འབད་འབུངས་ཡར་བརྩོན་གྱིས་རྒྱང་ལམ་གསར་པར་བསྐྱོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་སྔ་འཛིན་ཕྱི་གཏོད་ཀྱིས་དར་རྒྱས་བསྐྱར་དར་གྱི་ལམ་བུའི་ཐོག་ཕན་ཚུན་རྒྱབ་སྐྱོར་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་ཐུན་མོང་ཐོག་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།