རང་ལྗོངས་ཀྱིས་ཚན་རྩལ་ལ་བརྟེན་ནས་སྲོལ་རྒྱུན་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ལས་དོན་པས་འབྲི་ཏ་ས་འཛིན་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ལས་དོན་པས་ཤིས་ཀྭ་ཡི་མྱུ་གུར་ཡལ་བཞུར་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས་གྲངས་འཛིན་ཞིང་ལས་ཁྱབ་གདལ་བཏང་སྟེ་གྲངས་གཞི་ཆེན་པོ་དང་། ཟོག་འབྲེལ་དྲ་རྒྱ། 5Gསོགས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་བཏང་ཡོད།
གཞི་གཅིག་ཅན་གྱི་བློ་རིག་ཞིང་ལས་འཕེལ་རྒྱས་ཀྱི་མ་ལག་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཞན་ཆར་དམིགས་ནས། རྩེ་རིམ་ཇུས་འགོད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་ཞིང་ལས་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(2022ལོ་ནས་2026ལོའི་བར)》འདོན་པ། “1+3+N”ཞིང་འབྲོག་ལས་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲོམ་གཞི་འཛུགས་པ། ལྗོངས་ཡོངས་ཀྱི་ཞིང་འབྲོག་གྲངས་གཞིའི་སྤྲིན་ཚོམ་ལས་སྟེགས་གཙོ་བོར་འཛིན་པ། ཞིང་འབྲོག་ཆ་འཕྲིན་དོ་དམ་དང་། ཟོག་འབྲེལ་དྲ་རྒྱའི་ལྟ་ཞིབ་ཚད་ལེན། ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་བཅས་ལས་སྟེགས་ཆེན་པོ་གསུམ་གྱི་འདེགས་སྐྱོར་ལ་བརྟེན་པ། རིག་ལྡན་ཕྱུགས་རིགས་སྨན་པ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་སོགས་ལས་སྒོ་ཆེན་པོ་བཅུའི་ལྷན་སྦྱར་མ་ལག་གཏོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཕྱོགས་བསྡུས་ཅན་བཅས་ཀྱི་རིག་ལྡན་ཞིང་ལས་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་འདེགས་སྐྱོར་མ་ལག་བཏོད་ཡོད།
མིག་སྔར། ལྗོངས་ཡོངས་ཀྱི་རྫོང(ཆུས)46ལ་མི་མེད་གནམ་གྲུ་སྤྱད་དེ་མུའུ་ཁྲི་61.8ཟིན་པའི་རྩི་ཤིང་ལ་སྲུང་སྐྱོང་བྱས་པ་དང་ལག་ཁྱེར་ཡོད་པའི་མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་ཆེད་ལས་ཤེས་ལྡན་པ་322གསོ་སྐྱོང་བྱས་པ་དང་། “བོད་ལྗོངས་ཞིང་འབྲོག”APPཡི“ཚན་རྩལ་ཞབས་ཞུའི”དཔེ་དབྱིབས་ལ་བརྟེན་ནས་ཚན་རྩལ་པ་6579ལ་ཁས་ལེན་དཔང་འདོན་བྱས་པ། གཞི་རིམ་གྱི་ཚན་རྩལ་དགོས་མཁོ་ཁག་2400ལྷག་ཙམ་བསྐངས་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཞིང་དར་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་ཐེངས་971བྱས་པ་བཅས་ལས་མང་ཚོགས་མི་ཐེངས་ཁྲི་5.8ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
མིག་སྔར། ཞིང་འབྲོག་གྲངས་གཞི་མིག་མཐོང་ལག་ཟིན་གྱི་དོ་དམ་དང་། ཞིང་འཕྲུལ་ཁ་གསབ་དྲ་ཐོག་ནས་རེ་ཞུ། སྲོག་ཆགས་དང་རྩི་ཤིང་གི་རིམས་བཤེར་གྲངས་འཛིན་ཅན་གྱི་ལྟ་འདོམས་སོགས་དམངས་ཕན་ཞིང་ཕན་གྱི་བྱེད་ནུས་ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་ཁྱབ་པ་དང་། རང་ལྗོངས་ཀྱི་གྲངས་འཛིན་ཞིང་ལས་འཛུགས་སྐྲུན་དེ་འཆར་འགོད་ནས་ཞིང་ནང་དུ་དངོས་སུ་ལག་ལེན་བསྟར་ཡོད།
ས་མཐོའི་འདེབས་གསོ་འཕེལ་རྒྱས་ཀྱི་དཀའ་གནད་གནད་སྨིན་བསལ་བ།
“ད་ཆ་རིག་ནུས་འདེབས་འཛུགས་ཁང་གི་རྒྱུན་གཏན་གྱི་འཁོར་སྐྱོད་ཉམས་བཟོ་མི་གཅིག་གིས་འགན་འཁུར་ཐུབ་ཀྱི་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོ་རང་འགུལ་འཁོར་སྐྱོད་ཐུབ་པས་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད་ལས་ཀྱང་སླ་རུ་སོང་སྟེ། ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་གི་འགན་འཁུར་བ་བློ་བཟང་བསྟན་འཛིན་གྱིས་བཤད། ཁོང་གིས“ང་ཚོའི་རིག་ནུས་འདེབས་འཛུགས་ཁང་གི་ཐོན་འབབ་ཧ་ཅང་ཡག་པོ་ཡོད། རིག་ནུས་དྲོད་ཁང་གཅིག་ནས་ཉིན་10རེར་རིམ་པ་དང་པོའི་ཤ་མོ་རྒྱ་མ་2000དང་སྲན་མྱུག་རྒྱ་མ་450ཡན་ཐོན་གྱི་ཡོད་པ་དང་། ལོ་ཧྲིལ་པོར་ཐོན་སྐྱེད་བྱེད་མཚམས་མི་འཇོག་པའི་འདེབས་འཛུགས་བྱེད་སྟངས་ཀྱིས་སྲོལ་རྒྱུན་གྱི་འདེབས་འཛུགས་ལས་ཐོན་འབབ་མང་དུ་ཤུགས་ཆེན་ཕྱིན་ཡོད”ཅེས་བཤད།
དེ་ནི་རང་ལྗོངས་ཀྱིས་ཚན་རྩལ་ལ་བརྟེན་ནས་ས་མཐོའི་ཞིང་ལས་འདེབས་འཛུགས་ཀྱི་དུས་འཁོར་གྱི་ཚད་བཀག་ལས་སྒྲོལ་བ་དང་འདེབས་གསོའི་ཐོན་ནུས་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
ལོ་མང་རིང་། ས་བབ་མཐོ་བ་དང་དྲོད་ཚད་དམའ་བའི་རང་བྱུང་ཆ་རྐྱེན་དམིགས་བསལ་ཅན་ལས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་ཡུན་རིང་ཚོད་འཛིན་ཕོག་ཡོད། ད་ཆ་གྲངས་འཛིན་ཞིང་ལས་ཚན་རྩལ་སྣ་ཚོགས་གྲོང་གསེབ་ཏུ་དོན་འཁྱོལ་རྒྱ་ཁྱབ་བྱུང་བ་དང་། ཞིང་འབྲོག་ཐོན་སྐྱེད་ལ་ཞབས་འདེགས་ཞུས་ཏེ་ས་མཐོའི་འདེབས་གསོའི་དཀའ་གནད་གནད་སྨིན་བསལ་བས། སྲོལ་རྒྱུན་ཞིང་འབྲོག་ལས་ཀྱི“གནམ་ཆུ་སྒུག་པ་དང་དཀའ་ལས་ཆེ་ཞིང་དུས་ཚོད་རིང་པོ་འགོར་བའི”གཞན་དབང་གི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།
ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བའི་ཐབས་ལམ་ཡངས་སུ་བཏང་བ།
ཡོས་ལ་འབབ་རྒྱུ་རྩམ་པ་ཟེར་བ་ལྟར། རིག་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་དོན་ལ་བབས་ས་ནི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་དེ་རེད། རང་ལྗོངས་ཀྱིས་གྲངས་འཛིན་གྱི་མཐུན་རྐྱེན་དང་ཞིང་སྐྱོར་འབབ་འཕར་མཉམ་འདྲེས་གཏིང་ཟབ་ཡོང་བ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་གྲངས་འཛིན་ཐོན་ལས་ཀྱི་འཁོར་འབྲེལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེད་ལས་ཞིང་འབྲོག་པ་གསར་པ་རྒྱུན་རྣམ་ཅན་གྱི་སྒོ་ནས་གསོ་སྐྱོང་བྱས་ཏེ་གྲངས་འཛིན་ལག་རྩལ་གསར་པ་དང་ཐོན་ལས་ཀྱི་རྣམ་པ་གསར་པ་དེ་མང་ཚོགས་ལ་འབབ་འཕར་བརྟན་པོ་དང་ཕྱུག་འགྱུར་ཡོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲངས་འཛིན་ཞིང་ལས་གསར་གཏོད་ཉེར་སྤྱོད་རྟེན་གཞིར་VRམྱོང་རོལ་དང་རིག་ནུས་གྲངས་གཞི་རྩད་བཤེར་གྱི་བརྙན་ཤེལ་ནས་ཡུལ་སྐོར་བ་དང་ཚོང་པས་བོད་ཕག་ཚད་ལྡན་ཅན་གྱི་གསོ་ཚགས་བརྒྱུད་རིམ་ཧྲིལ་པོ་ཐད་ཀར་མཐོང་ཐུབ་པ་ནས་ས་གནས་དེ་གའི་བོད་ཕག་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཀུན་གྱི་ཡིད་ཆེས་ཐོབ་ཚད་ཆེ་རུ་ནུས་ལྡན་ཕྱིན་ཡོད། དེ་དང་ཆབས་ཅིག ཐད་གཏོང་དྲ་ཚོང་ལས་སྟེགས་བརྒྱུད་ས་གནས་དེ་གའི་ཞིང་འབྲོག་པས་ཐད་ཀར་ཚོང་ཟོག་འཚོང་ཐུབ་པས། ལྷད་མེད་བོད་ཕག་གི་ཁྱད་ལྡན་ཐོན་རྫས་རྒྱུན་གཏན་ནས་འོས་སྦྱོར་ངོ་སྤྲོད་བྱེད་ཀྱི་ཡོད། 2025ལོར་དྲ་ཐོག་ནས་ཐད་གཏོང་ཐེངས་52བྱས་པར་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་127.5ལྷག་ཙམ་ཟིན་ཡོད།
ཚད་ལྡན་ཅན་གྱི་ནས་འདེབས་འཛུགས་དང་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་བྱེད་པ་ནས་བོད་ཕག་སྐྱེ་ཁམས་གསོ་ཚགས་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་བར། རང་ལྗོངས་ཀྱིས་གྲངས་འཛིན་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་བྱས་ཏེ་དྲ་ཐོག་ནས་མངགས་ཐོ་ལེན་པ་དང་། དྲ་ཐོག་ནས་འོས་སྦྱོར་ངོ་སྤྲོད་བྱེད་པ། དྲ་ཐོག་ནས་ཐད་འཚོང་བྱེད་པ་བཅས་ས་མཐོའི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་ཚོང་སྒྱུར་སྦྲེལ་མཐུད་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ཡོད།
དཔྱིད་རླུང་དལ་བུར་ལྡང་བས་གངས་ལྗོངས་ས་མཐོར་དཔལ་ཡོན་བཞད། གྲངས་འཛིན་མཐུན་རྐྱེན་སྦྱར་བས་ཞིང་དར་ལམ་བུ་གསར་པར་སྐྱོད་འགོ་ཚུགས། མིག་སྔར་གྲངས་འཛིན་ལག་རྩལ་གངས་ལྗོངས་ཀྱི་གྲོང་གསེབ་ཏུ་རྒྱུན་མཐུད་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་ལ་མཐུན་རྐྱེན་སྦྱོར་བ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་འདོགས་བཞིན་ཡོད། གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གྲངས་འཛིན་དཔལ་འབྱོར་གྱིས་དེང་རབས་ཞིང་ལས་ལ་མཐུན་རྐྱེན་སྦྱོར་བའི་སྒུལ་ནུས་ཆེན་པོ་བཏོན་ཏེ་ས་མཐོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་འཛད་མཐའ་མེད་པའི་སྟོབས་ཤུགས་སྣོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།