དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆེད་ལས་སྟོབས་ཤུགས་སྐོང་བསྡུ་བྱས་ནས་འཚོལ་བཤེར་དང་གྲལ་བཤེར་རྒྱུན་མཐུད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-02

    ཟླ་8ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཛ་དྲག་དང་གོ་རིམ་ལྡན་པའི་ངང་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བ་རེད།

    འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་མངགས་པའི་མེ་གསོད་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ས་ཁོངས་བརྒལ་ནས་རོགས་སྐྱོབ་བྱས་ཏེ། ས་གནས་ཀྱིས་རོགས་སྐྱོབ་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། ཟླ་8ཚེས་30ཉིན་བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཐད་འཕུར་གནམ་གྲུ་བཏང་སྟེ་བཀོད་འཐབ་པ་11དང་། རོགས་སྐྱོབ་འཕྲུལ་ཆས་དང་དངོས་ཟོག་1240གེགས་ཁུལ་གྱི་ལྟེ་བར་བསྐྱལ་བ་རེད། རིམ་རྩིས་བརྒྱབ་ན་མེ་གསོད་རོགས་སྐྱོབ་སྟོབས་ཤུགས་མི་སྣ་711དང་། རླངས་འཁོར་120 རྫི་ཁྱི་13བཅས་བསྐོངས་ནས་ལེབ་བཤེར་རྣམ་པའི་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་པ་རེད།

    གེགས་ཁུལ་གྱི་ལྟེ་བར་འདམ་རྫབ་ཀྱིས་ཁེངས་ཡོད་པ་དང་། འདམ་རྫབ་ཀྱི་གཏིང་ཚད་སྨི་1ལྷག་ཙམ་ཟིན་པས་འཚོལ་སྐྱོབ་མི་སྣ་འདམ་རྫབ་ནང་དིམ་ཉེན་ཆེན་པོ་ཡོད། འདམ་རྫབ་དང་རྡོ་ཧྲུག་འདྲེས་པའི་གྲམ་ཐང་དུ་རོགས་སྐྱོབ་རུ་མིས་འགོག་སྲུང་སྒྲིག་ཆས་ཆ་ཚང་གྱོན་པ་དང་། ཐག་པ་བཏང་ནས་བདེ་འཇགས་འགོག་སྲུང་གི་སྦྲེལ་ལམ་བསྐྲུན་པ། རྫི་ཁྱིས་འཚོལ་སྐྱོབ་དང་གསོན་པོ་འཚོལ་ཆས་ཀྱིས་བཙལ་འཚོལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཙོ་གནད་ས་ཁོངས་སུ་རྒྱུན་མཐུད་འཚོལ་བཤེར་དང་གྲལ་བཤེར་བྱས་པ་རེད།

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོཌ་བྱུང་བར། ཟླ་8ཚེས་30ཉིན་འཚོལ་སྐྱོབ་ལས་དོན་སྔར་བཞིན་དཀའ་ཚེགས་ཆེན་པོས་སྤེལ་བཞིན་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་28རྒྱལ་མཚམས་སྒོ་མོ་དང་བར་ཐག་སྤྱི་ལེ་1.7ཡོད་པའི་ས་ཁོངས་སུ་འབྱོར་ནས་གཡང་གཟར་ལ་འཛེགས་ཏེ་འཚོལ་སྐྱོབ་ལས་དོན་རྒྱུན་མཐུད་སྤེལ་བཞིན་ཡོད་པ་རེད།

    གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་རྒྱང་ཚོར་དབྱེ་བཤེར་དང་ས་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་ཟུང་འབྲེལ་བྱས་ཏེ། གནོད་འཚེའི་ཤུགས་རྐྱེན་ཐེབས་ཁུལ་དུ་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཐོན་ས་60ལྷག་ཙམ་ལ་དབྱེ་བཤེར་བྱས་ནས་ཉེན་ཁ་ཆེ་བའི་མངོན་མེད་རྐྱེན་ངན་ཐོན་ས་8གཏན་འཁེལ་རགས་ཙམ་བྱས་པ་རེད། གཞན་ཡང་། རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱིས་ཆེད་ལས་ལག་རྩལ་པ་དང་། གཞི་རིམ་ལས་བྱེད་པ། མཉམ་ཞིབ་མཉམ་འགོག་པ་སོགས་སྤྱི་འདོམས་སྒྲིག་འཛུགས་བྱས་ཏེ་གྲལ་བཤེར་མི་སྣ་1070ལྷག་ཙམ་བཏང་ནས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཐོན་ས་900ལྷག་ཙམ་རྒྱ་ཆེ་རུ་བཏང་ནས་གྲལ་བཤེར་བྱས་པ་རེད།

    ཟླ་8ཚེས་30ཉིན། འཕྲལ་སྡོམ་དོ་དམ་པུས་ཀྲུང་གོའི་ཨན་ནེང་ཀུང་སིའི་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་རོགས་སྐྱོབ་མི་སྣ་110བཏང་བ་དང་འཕྲུལ་ཆས་28བཀོད་སྒྲིག་བྱས་ནས་རྒྱལ་ལམ་216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་དུ་མྱུར་བཟོའི་ལས་དོན་རྒྱུན་མཐུད་སྤེལ་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གེགས་ཁུལ་གྱི་ལྟེ་བར་ཤར་གཏོང་ཐུབ་པའི་འགག་རྩའི་བགྲོད་ལམ་གཤོང་བཞིན་ཡོད་པ་རེད། ཟླ་8ཚེས་30ཉིན་གྱི་ཆུ་ཚོད་14བར་ཀྲུང་གོའི་ཨན་ནེང་ཚོགས་པས་རིམ་རྩིས་བརྒྱབ་ན་ལམ་དུམ་སྨི་340ལྷག་ཙམ་བཤངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།