དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་མི་གནས་སྤོས་དོ་དམ་ཉེན་རྟོག་ཏང་ཡོན་རྐང་འཛིན་པ་18ལས་གྲུབ་པའི་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་གིས།

    ཐབས་བརྒྱ་ཇུས་སྟོང་གིས་གནོད་འཚེ་ཕོག་ཁུལ་ལྟེ་བར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-02

    ཟླ་8ཚེས་26ཉིན་གྱི་སྔ་དྲོར། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། འགག་སྒོའི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཡུལ་མི་གནས་སྤོས་དོ་དམ་ཉེན་རྟོག་པ་ཁག་གཅིག་ཕྱི་ཕྱོགས་དང་འབྲེལ་བ་ཆད་པ་རེད།

    འཐབ་གྲོགས་ཀྱི་ཚེ་སྲོག་སྐྱོབ་ཆེད་རེ་བ་ཏིལ་འབྲུ་ཙམ་ཡང་བློས་མ་བཏང་བར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཉེན་ཁའི་ཕྱོགས་སུ་ཞུམ་པ་མེད་པར་མདུན་དུ་སྐྱོད།

    ཟླ་8ཚེས་27ཉིན་འཕྲལ་སྒྲུབ་རུ་ཁག་འཛུགས་དགོས་པའི་བཀའ་རྒྱ་བཏང་བ་དང་ཟླ་8ཚེས་29ཉིན་གྱི་ཆུ་ཚོད་15པ་ཙམ་ལ་རྡོག་ཐོན་བྱས་པ་རེད། ཏང་ཡོན་རྐང་འཛིན་པ་18ལས་གྲུབ་པའི་ཡུལ་མི་གནས་སྤོས་དོ་དམ་ཉེན་རྟོག་པའི་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་དེས་རོགས་སྐྱོབ་བགྲོད་ལམ་བཤངས་མ་ཐུབ་པའི་གནས་ཚུལ་འོག་སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་ཁུལ་ལྟེ་བར་བསྐྱོད་པ་རེད།

    སྐྱིད་གྲོང་མཐའ་མཚམས་དོ་དམ་རུ་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་པི་ཆི་ནི་འཕྲལ་སྒྲུབ་རུ་ཁག་གི་རུ་མིའི་གྲས་ཤིག་ཡིན་ཞིང་། ཁོང་དེ་སྔ་འགག་སྒོར་ལས་ཀ་ལོ་གཉིས་དང་ལོ་ཕྱེད་ཙམ་བྱེད་མྱོང་རུང་ལམ་བར་གྱི་རྣམ་པ་དེ་སྔའི་བག་ཆགས་དང་གཏན་ནས་འདྲ་གི་མེད། རྒྱལ་ལམ་216དེ་ཉིད་དེ་སྔ་ཁོད་སྙོམས་ལ་ཐོགས་མེད་ཡིན་རུང་། ད་ཆ་གཞུང་ལམ་ཆུ་རུད་ཀྱིས་འཁྱེར་ནས་མཐོང་རྒྱུ་མེད་ལ། རི་ལྡེབས་སུ་སྨི་15ཡོད་པའི་ཆུ་རུད་ཐོན་ཤུལ་ལ་མཐོ་ཚད་ཐོག་སོ་གསུམ་ཙམ་ཡོད་པ་རེད།

    འཕྲལ་སྒྲུབ་རུ་ཁག་གི་རླངས་འཁོར་འགག་སྒོ་དང་བར་ཐག་སྤྱི་ལེ་3ཙམ་ཡོད་པའི་སར་སླེབས་སྐབས་ལམ་ངོས་ཆུ་རུད་ཀྱིས་ཁྱེར་ནས་ཆད་ཡོད་པས། རུ་མི་རྣམས་རླངས་འཁོར་ལས་བབས་ཏེ་རྐང་ཐང་མར་མདུན་དུ་སྐྱོད། འགག་སྒོ་དང་བར་ཐག་སྤྱི་ལེ་1ཡོད་པའི་སར་འབྱོར་སྐབས་མདུན་ཕྱོགས་ཀྱི་དེ་སྔའི་རྒྱལ་མཚམས་སྒོ་མོར་སྐྱོད་སའི་འགྲོ་ལམ་དང་ཟམ་པ་ཚང་མ་ཆུ་རུད་ཀྱིས་ཁྱེར་ནས་འགྲོ་ས་གཅིག་ཀྱང་མེད་པ་ཆགས།

    ཟམ་པ་ལོག་ནས་རླངས་འཁོར་སྐྱོད་མི་ཐུབ་པས་ཁོང་ཚོ་སོ་སོས་ལམ་འཚོལ་རྒྱུ་ལས་མ་འདས།

    སྔོན་ལ་ཆུ་ལམ་དུ་སྐྱོད་རྒྱུ་ཚོད་ལྟ་བྱས་ཤིང་། དེ་སྔའི་ལམ་ངོས་དེ་ཆུ་ལམ་དུ་གྱུར་པ་དང་། ཕག་རིའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དགེ་འདུན་རིག་གྲོལ་གྱིས་རུ་དཔོན་གྱི་རྗེས་འབྲངས་ནས་ཆུ་འགྲམ་གྱི་ལམ་བུ་བརྒྱུད་རྐོ་འདྲུའི་འཕྲུལ་འཁོར་གྱི་ལས་སྒྲུབ་བྱ་ཡུལ་བར་བསྐྱོད།

    འཆར་གཞི་བྱས་ན་ཁོང་ཚོས་བྲག་ལྡེབས་དང་གྲམ་ཐང་བརྒྱུད་མདུན་ཕྱོགས་སུ་བསྐྱོད་དེ་གནོད་འཚེ་ཕོག་ཁུལ་ལྟེ་བར་འབྱོར་བའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ཁོང་ཚོས་ཚོད་ལྟ་ཐེངས་ཁ་ཤས་བྱས་རྗེས་རྐང་འོག་གི་ཆུ་བོ་དྲག་ཏུ་རྒྱུག་པ་དང་། ཆུ་བོ་ཡང་བསམ་ཚོད་ལས་གཏིང་ཟབ་པ་ཡོད་སྟབས་མདུན་སྐྱོད་ཀྱི་དཀའ་ཚད་དང་ཉེན་ཁ་ཧ་ཅང་ཆེ་བས་གནས་སྐབས་ནར་འགྱངས་བྱེད་དགོས་བྱུང་ཡོད།

    དེ་རྗེས་སྐམ་ལམ་དུ་སྐྱོད་རྒྱུ་ཚོད་ལྟ་བྱས་ཤིང་། རི་ལྡེབས་སུ་འཛེགས་ཏེ་རུ་མི་ཁ་ཤས་ཀྱིས་རོགས་སྐྱོབ་ཐག་པ་སྐེད་པར་བཅིངས་ནས་མི་གཅིག་སྔོན་ལ་སྐྱོད་དེ། ཐག་པ་བརྟན་པོ་བཟོས་རྗེས་རྒྱབ་ཀྱི་རུ་མི་གཞན་ཚོས་ཐག་པར་འཇུས་ནས་འཛེགས། ལུའུ་ལུའུ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཆབ་སྲིད་སློབ་སྟོན་པ་ཁྲེན་ཤིན་མཇུག་ཤོས་སུ་བསྐྱོད་དེ་རུ་མི་གཅིག་ཀྱང་མ་ལུས་པ་བྱས་པ་རེད།

    མཐོ་ས་ནས་ཡང་སེ་ལྷུང་བའི་རྡོ་ཧྲུག་ལས་གཡོལ་ཏེ་རི་ལྡེབས་སུ་འཛེགས་རྗེས་ཚང་མས་རྒྱལ་མཚམས་སྒོ་མོ་དང་བཅར་བར་ད་དུང་མུ་མཐུད་བྲག་རི་གཟར་པོ་ཞིག་སྒྲོལ་དགོས་པ་མཐོང་། ཚང་མས་ཚོད་ལྟ་ཡུན་རིང་བྱས་ཤིང་མཐར་བློས་གཏོང་རྒྱུ་ལས་མ་འདས། ཁོ་ཚོས་ཐག་པ་བསྡུ་བ་དང་ག་ལེར་ཕྱིར་འཐེན་བྱེད་པ་མ་ཟད། རྒྱལ་མཚམས་སྒོ་མོར་བཅར་བའི་ལམ་བུ་གཞན་འཆར་འགོད་བྱེད་མགོའང་བརྩམས།

    “ང་ཚོ་ཚང་མས་སྔ་ཙམ་རྒྱལ་མཚམས་སྒོ་མོར་འབྱོར་བའི་རེ་བ་བྱེད་ཀྱི་ཡོད”ཅེས་པའི་ཁྲེན་ཤིན་གྱིས་འཕྲལ་སྒྲུབ་རུ་ཁག་གི་ཐུན་མོང་བསམ་འདུན་དེ་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།