ཟླ་8ཚེས་29ཉིན་གྱི་ཆུ་ཚོད་18བར་བོད་ལྗོངས་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེས་མི་སྣ་16རྐྱེན་ལམ་དུ་ཤོར་བ་དང་མི་སྣ་546འབྲེལ་བ་ཆད་པ།
བོད་རང་སྐྱོང་ལྗོངས་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཟླ་8ཚེས་30ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཟླ་8ཚེས་29ཉིན་གྱི་ཆུ་ཚོད་18བར་གནོད་འཚེས་མི་སྣ་16རྐྱེན་ལམ་དུ་ཤོར་བ་དང་མི་སྣ་546འབྲེལ་བ་ཆད་ཡོད། དེའི་ནང་འབྲེལ་བ་ཆད་པའི་ཕྱི་རྒྱལ་བ་261ནི་རྒྱལ་ཁབ་མི་འདྲ་བ་23ནས་ཡིན་པ་རེད།
ཡོངས་བསྒྲགས་ཚོགས་འདུ་འགོ་ཚུགས་སྐབས། དེ་གར་ཡོད་པའི་མི་སྣ་ཡོངས་ཡར་ལངས་ནས་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
གནོད་འཚེ་ཐོན་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་དང་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་རོགས་སྐྱོབ་འཕྲལ་སྡོམ་དང་ལེན་མགྱོགས་མྱུར་བྱས་ཤིང་། སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་དང་མདུན་ཕྱོགས་བཀོད་འདོམས་པུའུ་བཙུགས་ནས། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་ཀྱིས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་མ་དངུལ་སྒོར་དུང་ཕྱུར་1.2འཕྲལ་མར་བཏང་བ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཏེ། ཉེན་སེལ་རྒུད་སྐྱོབ་དང་གེགས་རྗེས་འཕྲལ་སྡོམ་སླར་གསོའི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ་རེད། མིག་སྔར་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག མེ་གསོད་རོགས་སྐྱོབ། མཐའ་སྲུང་། སྤྱི་བདེ། ཀྲུང་གོ་ཨན་ནེང་སོགས་ཀྱི་རོགས་སྐྱོབ་མི་སྣ་2141སྐུལ་སློང་བྱས་པ་དང་རོགས་སྐྱོབ་རླངས་འཁོར་269དང་རོགས་སྐྱོབ་འཕྲུལ་ཆས་3922མངགས་གཏོང་བྱས་ཡོད་པ་རེད།
“གནས་སྤོ་བྱེད་དགོས་རིགས་ཚང་མ་གནས་སྤོ་བྱེད་པ་དང་གནས་སྤོ་བྱེད་དགོས་རིགས་ཚང་མ་སྔ་ཙམ་གནས་སྤོ་ཐུབ་པར་བྱེད་དགོས་པའི”བླང་བྱ་གཞིར་བཟུང་། ས་གནས་དེ་གས་སྐྱིད་གྲོང་གྲོང་རྡལ་དང་ས་ལེ་ཤང་གི་ཉེན་ཁའི་ས་ཁོངས་ཀྱི་གྲོང་ཚོ་5ཡི་མང་ཚོགས་499དང་སྐྱིད་གྲོང་གྲོང་རྡལ་གྱི་རྒྱལ་ནང་ཡུལ་སྐོར་བ་555ཚང་མ་གནས་སྤོ་བཀོད་སྒྲིག་བྱས་པ་རེད། བོད་ཀྱིས་རིམ་རྩིས་བརྒྱབ་ན་ནས་དང་གྲོ་ཞིབ་སོགས་ཏུན་116དང་། སྟབས་བདེའི་ཐུག་པ་དང་ཆུ་སོགས་སྒམ་ཁྲི་3.2ལྷག་ཙམ་གཏོང་སྤྲོད་བྱས་པ་དང་། ཏང་ཡོན་ལས་བྱེད་པ་380སྐུལ་སློང་བྱས་པ། ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་5བཙུཌ་ནས་གཅིག་གཏད་གཅིག་གི་སྦྲེལ་མཐུད་དང་ཆུ་ཚོད་24རིང་ཞབས་འདེགས་ཞུས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་བསལ་བ་རེད།
འབྲེལ་ཡོད་གསར་འགྱུར།