དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཉི་གཞོན་ཁྲོད་ནས་ཐོག་མའི་བསམ་འདུན་མངོན། བརྩེ་བ་ཟབ་མོས་ས་མཐོར་དྲོ་སྐྱིད་སྦྱིན།

    ——རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ཏང་ཡོན་རྒན་གྲས་ཚེ་དབང་རིག་འཛིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    གངས་ལྗོངས་ཀྱི་གྲོང་ཁྱེར་ལྷ་སའི་ནམ་མཁའ་གཡའ་དག་ཅིང་། བར་སྣང་དང་ཐག་ཉེ་ཤོས་ཀྱི་ས་འདིར་ལོ་ན་78ལ་སླེབས་པའི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ཏང་ཡོན་རྒན་གྲས་ཚེ་དབང་རིག་འཛིན་ནི་ཞུམ་པ་མེད་པའི་སྐལ་བཟང་མེ་ཏོག་ཇི་བཞིན་གཞི་རིམ་དུ་རྩ་བ་ཚུགས་ནས་ལེགས་སྐྱེས་འབུལ་བཞིན་ཡོད། རྔ་ཆེན་གློག་ཁང་གི་ཞིབ་བཟོ་འཁོར་ཁང་དུ་གདོང་མཆོང་འབད་འཐབ་བྱས་པ་ནས་རྒན་ཡོལ་ཞུས་རྗེས་དང་བླངས་ཞབས་ཞུའི་ནང་ཞུགས་པའི་བར། ཁོང་གིས་ལོ་36གི་རིང་ས་མཐོའི་གློག་ཤུགས་འཛུགས་སྐྲུན་ལས་ཀ་བྱས་ཏེ་གུང་ཁྲན་ཏང་ཡོན་ཞིག་གི་ལྷག་བསམ་དང་འགན་འཁྲིར་གསལ་འགྲེལ་རྒྱག་བཞིན་ཡོད།

    སེམས་རྩ་འཁོལ་བའི་བྱ་སྤྱོད་ལ་བརྟེན་ནས་དྲོད་ཁོལ་གྱིས་ཕྱུག་པའི་རྟེན་གཞི་སྐྲུན་པ།

    1998ལོར། ཚེ་དབང་རིག་འཛིན་གྱིས་ལོ་36རིང་གྱོན་པའི་ལས་གོས་ཕུད་དེ་ཉིན་ལྟར་འགྲོགས་པའི་གློག་ཤུགས་སྒྲིག་ཆས་དང་ཁ་བྲལ་ནས་རྒན་ཡོལ་ཞུས་པ་རེད། སྐབས་དེ་དུས་ཀྱི་ལྷ་སའི་གྲོང་ཁུལ་རྙིང་པར་ཁྲོམ་གཞུང་སྲང་ལམ་དག་འཕྲེད་གཞུང་སྤེལ་མར་གནས་ཤིང་བོད་བཟོའི་སྡོད་ཁང་ཐར་ཐོར་དུ་གནས་པ་དང་། རྒན་ཡོལ་ཞུས་པའི་ལས་རོགས་རྙིང་པ་200ལྷག་ཙམ་གྲོང་ཁུལ་གྱི་ས་ཆ་མི་འདྲ་བར་ཁ་ཐོར་དུ་གནས་པས། སྲིད་ཇུས་དང་བརྡ་ཐོ་བརྒྱུད་སྤྲོད་བྱེད་དཀའ་ལ་འཚོ་བའི་ནང་གི་བྱ་བ་ཙག་ཙིག་ཀྱང་ཚབ་སྒྲུབ་བྱེད་དཀའ། ཚེ་དབང་རིག་འཛིན་གྱིས་གནས་ཚུལ་དེ་དག་སེམས་ལ་ངེས་ནས་རང་འགུལ་ངང་ལས་འཁྱུར་རྒན་ཡོལ་མི་སྣའི་ཏང་ཀྲི་པུའུ་ཡི་དྲིལ་བསྒྲགས་ཨུ་ཡོན་དང་འབྲེལ་གཏུག་ཙུའི་ཙུའུ་ཀྲང་གི་འགན་ཁུར་ནས། བློ་མཐུན་རྒན་གྲས་ལ་ཞབས་འདེགས་ཞུ་བ་དེ་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་བརྩིས་པ་རེད།

    གྲང་རླུང་འུར་འུར་དུ་ལྡང་བའི་ཞོགས་པ་མང་པོ་དང་། ཚ་གདུག་ཤིན་ཏུ་ཆེ་བའི་ཉིན་དགུང་དུས་སུ་ཚེ་དབང་རིག་འཛིན་གཅིག་བུ་གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་གསེང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ལག་ཏུ་ཤོག་བུ་དང་སྨྱུ་གུ་ཐོགས་ཏེ། ཁྱིམ་ཚང་རེ་རེ་བྱས་ནས་གནས་ཚུལ་ཤེས་རྟོགས་དང་རིགས་དབྱེ་ཟིན་བྲིས་བཏབ་ནས། ནང་དོན་ཆ་ཚང་ལ་ཕུན་སུམ་ཚོགས་པའི་ལས་འཁྱུར་རྒན་ཡོལ་མི་སྣའི་རིགས་ཁག་གི་འབྲེལ་གཏུག་ཟིན་དེབ་བཟོས་ཐོག གྲོང་ཁུལ་ཡོངས་ལ་ཁྱབ་པའི་བློ་མཐུན་རྒན་གྲས་230ལྷག་ཙམ་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་བྱེད་ཁོངས་སུ་བཅུག་པ་རེད།

    ལོ་མང་རིང་ཚེ་དབང་རིག་འཛིན་གྱིས་ཉིན་ཐོག་ཉིན་བརྩེགས་ཀྱི་ཀུན་སློང་བཟང་པོར་བརྟེན་ནས་ཚན་པའི་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ལ་ལྟ་སྐྱོང་བྱས་ཏེ་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་ཐུབ་པར་བྱས་ཡོད།

    ཐའེ་ཅི་དྲག་རྩལ་ལ་བརྟེན་ནས་མཐུན་སྒྲིལ་གྱི་གོམས་སྲོལ་གསར་པ་བརྒྱུད་སྤྲོད་བྱས་པ།

    གནམ་གཤིས་ཡག་པོ་ཡོད་ཕྱིན། ཝ་པ་གླིང་སྤྱི་གླིང་གི་ཞོགས་པའི་ཡུལ་ལྗོངས་ཁྲོད་ཚེ་དབང་རིག་འཛིན་གྱིས་ཐའེ་ཅི་དྲག་རྩལ་ཁྲིད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་གིས་ཆུང་དུས་ནས་སྲོལ་རྒྱུན་དྲག་རྩལ་སྦྱངས་པས་སེམས་སུ་དམངས་ལ་ཕན་པ་སྒྲུབ་པའི་ཐོག་མའི་བསམ་འདུན་ཡོད་པ་དང་། ཁོང་ལ་པར་ཁའི་རིག་གནས་དེ་ཉིད་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་སུ་གཞིས་ཚུགས་རྒྱུའི་ཕུགས་འདུན་ཞིག་ཀྱང་ཡོད་པ་རེད།

    2014ལོར། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ལུས་སྦྱོང་དགོས་མཁོ་སྐོང་ཆེད། ཚེ་དབང་རིག་འཛིན་གྱིས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་འོག ཝ་པ་གླིང་སྤྱི་གླིང་ཤར་འདབས་སུ་ཟུར་ཁྲིད་ས་ཚིགས་བཙུགས་ཤིང་། ལུས་སྦྱོང་བྱ་ཡུལ་ཚད་དང་མཐུན་ཞིང་ཡོ་བྱད་ཀྱང་ཆ་ཚང་པོ་ཡོད། ཕྱག་རྒྱ་ཉེར་བཞི་མ་དང་གྱ་ལྔ་མའི་ཐའེ་ཅི་དྲག་རྩལ་ནས་ལུས་སྦྱོང་ཕྱག་རྒྱ་ལེའུ་བརྒྱད་མ་བར་གྱི་ཕྱག་རྒྱ་རེ་རེ་བཞིན་ཁྲིད་པ་དང་ཡང་ནས་བསྐྱར་དུ་དཔེ་སྟོན་ཡོ་བསྲང་བྱས་ནས། སློབ་མ་ཚང་མར་ངང་རྒྱུད་རིང་པོས་མཛུབ་ཁྲིད་བྱེད་ཀྱི་ཡོད། ལོ་མང་རིང་འགྱུར་བ་གཏན་ནས་མེད་པའི་བརྟན་སྲུང་གིས་ཟུར་ཁྲིད་ས་ཚིགས་ཆུང་ཆུང་དེ་མི་རིགས་ཁག་གི་སློབ་མ་70ལྷག་ཙམ་འདུ་ས་ཞིག་ཏུ་གྱུར་ཡོད།

    ཉིན་ལྟར་ཞོགས་པར་མི་རིགས་ཁག་གི་མང་ཚོགས་ཚོ་ལྷན་དུ་འདུས་ནས་མཉམ་དུ་དྲག་རྩལ་སྦྱོང་གི་ཡོད། མི་རྣམས་དྲག་རྩལ་སྦྱོང་བརྡར་ཁྲོད་ཕན་ཚུན་དབར་བར་ཐག་ཇེ་ཉེར་ཕྱིན་ཞིང་མཉམ་དུ་འགྲོགས་པའི་དུས་ཚོད་ཁྲོད་བརྩེ་དུང་ཇེ་ཟབ་ཏུ་སོང་ཡོད། དེར་མི་རིགས་ཀྱི་ཁྱད་པར་མེད་ཅིང་ཡོད་པ་ནི་ཁྱིམ་མཚེས་དང་སྤུན་ཟླ་ཕན་ཚུན་དབར་གྱི་བརྩེ་བ་ཁོ་ནའོ།

    དབུ་དཀར་གྱི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་བདེ་འཇགས་སྲུང་བ།

    ཕྱི་དྲོའི་ཉི་འོད་སྒེའུ་ཁུང་ནང་འཕྲོས་པས། གློག་ཁང་གི་པར་རྙིང་པ་དང་། སློབ་སྦྱོང་ཟིན་དེབ། ལོ་མང་གི་གཟེངས་བསྟོད་ལག་ཁྱེར་བཅས་དཔེ་ཅོག་གི་ཟུར་ཞིག་ན་ཡོད་པ་གསལ་ལེར་མངོན། དངོས་པོ་དེ་དག་གིས་བོད་ལྗོངས་ལ་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བ་དང་། ཚེ་དབང་རིག་འཛིན་དང་ས་མཐོའི་གློག་ཤུགས་བྱ་གཞག་མཉམ་དུ་འཚར་ལོངས་བྱུང་བའི་འདས་སོང་གི་ལོ་ཟླ་ཟིན་ཐོར་བཀོད་ཡོད།

    དུས་རབས་ཀྱི་འཕོ་འགྱུར་དངོས་སུ་བརྒྱུད་མྱོང་བའི་གློག་ཤུགས་པ་རྒན་གྲས་ཤིག་ཡིན་པའི་ཆ་ནས། སྔོན་ཆད་རྔ་ཆེན་གློག་ཁང་འཛུགས་སྐྲུན་གྱི་དཀའ་སྡུག་ཡིད་ལ་གསལ་པོར་ངེས་ཡོད། སྐབས་དེ་དུས། ས་མཐོའི་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། དངོས་ཟོག་དཀོན་པ། ཁོར་ཡུག་དཀའ་ཚེགས་ཆེ་བ་བཅས་ཡོད་ཀྱང་། རྔ་ཆེན་གློག་ཁང་དེ་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡོང་བའི་བཟོ་སྐྲུན་ལག་རྩལ་པ། རྒྱ་བོད་བཟོ་པ། དེ་བཞིན་ས་གནས་དེ་གའི་མང་ཚོགས་བཅས་ཀྱིས་འཇོར་དང་སྦྱག་མ་བཟུང་ནས་འཛུགས་སྐྲུན་བྱས་ཏེ། ས་མཐོའི་འཕེལ་རྒྱས་ལ་རེ་བའི་འོད་སྣང་སྦྱིན་པ་རེད།

    ད་ཆ། གངས་ལྗོངས་གློག་དྲ་རི་ཀླུང་དབྱེར་མེད་ག་ས་གང་དུ་ཁྱབ་པས་ཁྱིམ་ཚང་ཁྲི་སྟོང་མང་པོས་གསལ་ཞིང་འཚེར་བའི་གློག་སྒྲོན་སྤྱོད་ཐུབ་པ་བྱུང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད།

    རྔ་ཆེན་གློག་ཁང་བཙུགས་ནས་ལོ་ངོ་50འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་གི་མདུན་དུ། ཚེ་དབང་རིག་འཛིན་གྱིས་སྤྱིར་བཏང་མིན་པའི་ལོ་ཟླ་དེར་བརྩེ་སེམས་ཟབ་མོས་ཕྱིར་དྲན་བྱས་རྗེས། རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱས་ནས་བློ་སེམས་གཅིག་མཐུན་གྱིས་བོད་ལྗོངས་འཛུགས་སྐྲུན་བྱས་པའི་འབད་འཐབ་ཀྱི་གཏམ་རྒྱུད་ཞིབ་ཕྲར་བརྗོད་པ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ནི་བོད་འཕེལ་རྒྱས་ཡར་ཐོན་ཡོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཆེ་ཤོས་ཡིན་པ་འགྲེལ་བཤད་ཀྱང་བརྒྱབ་པ་རེད། བབ་ཆགས་ཟོལ་མེད་ཀྱི་སྐད་ཆ་ལས་དེ་གར་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་གཞི་རིམ་མང་ཚོགས་ཚོས་དུས་རབས་འདི་འདྲ་ནི་ལས་སླ་པོར་འཆར་པ་ཞིག་མིན་པ་དང་བདེ་སྐྱིད་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དངོས་འབྲེལ་ཚོར་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཡོད་པ་རེད།

    ད་ཆ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི“རྒན་རྒོན་གྲགས་ཅན”དེས་སྔར་བཞིན་རྒྱུན་གཏན་གྱི་འཚོ་བའི་ཁྲོད་སྐད་གྲགས་མེད་པར་འགན་འཁྲི་སྒྲུབ་པ་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་ཀྱི་ས་རྒྱུ་གཤིན་པོའི་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲོ་སྐྱིད་ལྡན་པའི་ལེའུ་རྒྱུན་མཐུད་རྩོམ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།