སྔ་དྲོ་བརྡ་ཐོ་བཏང་ནས་ཕྱི་དྲོ་རེའུ་མིག་སྐྱེལ་དགོས་པའི་ཚ་འདེད་གཏོང་བ་དེ་རྒྱུན་རྣམ་དུ་མི་འགྱུར་བ་བྱེད་དགོས།
སྔ་དྲོ་བརྡ་ཐོ་བཏང་བ་དང་ཕྱི་དྲོ་རེའུ་མིག་སྐྱེལ་དགོས་ཀྱི་ཡོད། ལག་ཐོག་གི་ལས་ཀ་ཚར་མེད་རུང་། ལས་འགན་གསར་པ་མགོ་ཐོག་ཏུ་བབས་ཡོང་བ་སྟེ། “ལག་ཐོག་གི་ལས་ཀ་དེ་ཕར་ལ་བཞག་ནས་འདི་སྔོན་ལ་གྱིས”ཞེས་པ་དེ་རེད། ཐོལ་བྱུང་གི་ཉེན་ཁའི་གནས་ཚུལ་ཐག་གཅོད་བྱེད་པ་ཞིག་མིན་པའི་གནས་སྐབས་ཀྱི་ལས་ཀ་དེ་རིགས་ཀྱིས་གཞི་རིམ་ལས་བྱེད་པའི་དུས་ཚོད་དང་སེམས་ནུས་མང་པོ་ཞིག་ཟད་འགྲོ་བཞིན་ཡོད། སྣང་ཚུལ་དེ་རིགས་ལས་སྤྱི་འདོམས་བྱེད་ཤུགས་མི་འདང་བ་དང་། འགན་འཁྲི་ཕར་དཀྲི་ཚུར་དཀྲི་བྱེད་པ། དཔང་རྟགས་འཇོག་པར་མཐོང་ཆེན་དང་ཕན་འབྲས་ལ་སྣང་ཆུང་བྱེད་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མངོན་བཞིན་ཡོད།
ལོ་འདི་དག་རིང་། རང་སྐྱོང་ལྗོངས་ཀྱིས་ཕྱི་ཚུལ་རིང་ལུགས་ལ་རལ་གྲི་འཕྱར་ནས་གོང་འབུལ་རེའུ་མིག་ཁུ་བསྡུ་དང་དཔྱད་ཞིབ་ཟླ་སྒྲིལ་བཏང་བས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དེ་དང་དུས་མཚུངས་སུ་གཞི་རིམ་ལས་བྱེད་པས་ཁུར་པོ་ཡང་དུ་གཏོང་བར་སྔར་བཞིན་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། “ལམ་སེང་དཔྱད་ཡིག་དགོས”ཞེས་པ་ལས་བྱུང་བའི་སེམས་ཁྲལ་ཆུང་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་ཞིག་རེད། དོན་དུ“ཚ་འདེད་བཏང་ནས་བསྐྱལ་དགོས་པའི་དཔྱད་ཡིག”ཟེར་བ་མི་ཉུང་བ་ཞིག་ནི“ཚོགས་འདུ་འཚོག་པ་དེ་ལས་དོན་སྒྲུབ་པར་བརྩི་བའི”སྲོལ་ཞིག་དང“བསམ་བློ་མ་བཏང་བར”འཕྲལ་དུ་ཇུས་ཐག་བཅད་པ་ལས་བྱུང་བ་ཞིག་གམ། ཡང་ན་མ་གཞི་ནས་རྒྱུན་གཏན་གྱི་ལས་ཀར་ཕྱོགས་བསྡོམས་དང་གསེད་བཀྲོལ་བྱས་པ་ཞིག་ཡིན་ཡང་རྟག་ཏུ་བྲེལ་འཚུབ་ཆེ་བའི་ལས་ཀ་དེ་འདྲ་སྐུལ་དགོས་དོན་ཅི་ཡིན།
གནད་འགག་གསུམ་ཡོད་པ་ལས། གཅིག་ནི་ལས་བྱེད་པའི་ལས་གནས་བརྗེ་རེས་ཡང་ཡང་བྱས་པའི་དབང་གིས་རྣམ་གྲངས་མཇུག་འགྲིལ་མེད་རུང་ལས་སྒྱུར་བཀའ་རྒྱ་སླེབས་ཟིན་པས། ལས་ཀ་རྩིས་ལེན་མཁན་གྱིས་དཔྱད་ཡིག་ཐར་ཐོར་ལ་བརྟེན་ནས་སླར་ཡང་འགོ་ནས་གསེད་བཀྲོལ་བྱེད་དགོས་ཀྱི་ཡོད་པས། ལས་བགོས་ཁ་གསལ་དང་འགན་དབང་ཁ་གསལ་མེད་པའི་དབང་གིས“སུ་ཞིག་གིས་གོང་ལ་སྙན་སེང་ཞུ་དགོས་མིན”གྱི་ནང་ཁུལ་གྱི་འགལ་བ་དེ“ཇི་ལྟར་སྙན་སེང་ཞུ་དགོས”པ་ལས་ཁག་པ་ཡོད་པ་དང་། གཉིས་ནི་ཟུར་བཙུགས་རྩིས་ཁྲ་ལས་དོན་སྒྲུབ་རྗེས་འཕྲལ་དུ་ཁ་གསབ་བྱེད་དགོས་པ་ལས་དུས་རྒྱུན་ལག་ཞོར་དུ་ཟིན་བྲིས་རྒྱག་གི་མེད་པས་བེད་སྤྱོད་གཏོང་སྐབས་ཡང་ཡང་ཞིབ་བསྡུར་བྱེད་དགོས་པས་ལས་ཀའི་ཁུར་པོ་ལྕི་རུ་འགྲོ་གི་ཡོད། གསུམ་ནི་སྡེ་ཚན་ཁག་གིས་གྲངས་གཞི་རེ་ཉར་ནས་མཉམ་སྤྱོད་མི་བྱེད་པ་དང་བསྡོམས་རྩིས་ཀྱི་ཚད་གཞི་མི་འདྲ་བ་རེ་འདོན་གྱི་ཡོད་པས་གཞི་རིམ་གྱིས་རེའུ་མིག་ཡང་ཡང་རྒྱོང་དགོས་ཀྱི་ཡོད་ཅིང་། དེས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་འགྲོ་གི་ཡོད།
གནད་དོན་དེ་དག་གི་མདུན་དུ་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་གཏོང་བའི“རེའུ་མིག་གཅིག་འཐུས”ནི་རྣག་ཐོག་བཙག་འཁེལ་ལྟ་བུ་རང་ཡིན་པར་སེམས། དེས་ན། གོང་འབུལ་རེའུ་མིག་ཁུ་བསྡུ་དང་ཚད་གཞི་གཅིག་གྱུར་བཟོ་བ་དང་། ཆ་འཕྲིན་འཚོལ་བསྡུ་ཐེངས་གཅིག་བྱས་པ་དེ་ཕྱོགས་མང་པོས་མཉམ་སྤྱོད་བྱས་ནས་གྲངས་གཞི་མང་ཙམ་སྤྱོད་པ་དང་གཞི་རིམ་དུ་རེའུ་མིག་ཉུང་ཙམ་རྒྱོང་དུ་འཇུག་དགོས། དེ་དང་དུས་མཚུངས་སུ“ཚ་འདེད་གཏོང་བའི་ལས་འགན”ལ་དམར་ཐིག་དང་གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་གི་དབྱེ་མཚམས་གསལ་པོ་ཕྱེ་ནས་ཛ་དྲག་མིན་པའི་དོན་དག་ལ“ཛ་དྲག་པོ་ཡོད་པར”ཁ་གཡར་ནས་ལས་སྒྲུབ་དུས་བཅད་ཐུང་དུ་གཏོང་མི་རུང་།
“ཚ་འདེད་གཏོང་བ”དེ་རྒྱུན་རྣམ་དུ་འགྱུར་ཕྱིན་དངོས་འབྲེལ་མྱུར་དུ་སྒྲུབ་དགོས་པའི་ལས་དོན་མང་པོ་ཞིག་ཡིག་ཆ་དང་རེའུ་མིག་ཁྲོད་ལུས་ཉེན་ཡོད། “འཕྲལ་སྒྲུབ་དམག་འཐབ”ཉུང་ཙམ་རྒྱག་པ་དང་། “ལས་ཕྱོད་ཆེ་མདོག”གི་ཕྱི་ཚུལ་རིང་ལུགས་ཀྱི་བྱེད་སྟངས་དོར་ནས། “ཚ་འདེད་གཏོང་བ”འཕྲལ་སྡོམ་ལས་དོན་ལ་དོན་འཁྱོལ་བྱས་ཚེ། གཞི་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐོག་མའི་བསམ་འདུན་འགྲུབ་ཐུབ་པ་དང་གཞི་རིམ་ལས་བྱེད་པས་དངོས་འབྲེལ་རྡོག་ཁྲེས་ཕབ་སྟེ་ལས་ཀར་ཞུགས་ཐུབ་ལ་དུས་ཚོད་དང་སེམས་ནུས་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་ཐུབ།
འབྲེལ་ཡོད་གསར་འགྱུར།