ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་བཅས་ཁག་སོ་སོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེག་ཏུ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རིང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོའི་ཟླ་5པར་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་ལམ་ལྷོངས་བྱུང་ཞིང་། ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྤུས་ཚད་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པས། དུས་བབ་གསར་པའི་འོག་ཀྲུང་ཨུའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་འགན་སྡེ་ཚན་གྱིས་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། གྲུབ་འབྲས་མང་པོ་ཐོབ་ཡོད་ལ་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ང་ཚོའི་འཐབ་ཇུས་ཀྱི་ཁྲིད་སྟོན་དང་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་རྨང་གཞི་དེ་བས་སྲ་བརྟན་དང་། གོམ་སྟབས་དེ་བས་བརྟན་པ། མདུན་ལམ་དེ་བས་འོད་སྟོང་འབར་བ་བཅས་ཡོང་བའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་ཁྲོད་ངེས་གཏན་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་ཕྱིན་ནའང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་དོན་གཉེར་བྱེད་པར་འགྱུར་བ་ཕྱིན་མེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་ཕྱོགས་ཁག་དང་མཉམ་དུ་རྩ་འཛུགས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་བྱས་ནས་རྩ་འཛུགས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་རོགས་རམ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་ཁྲིད་སྟོན་དང་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེ་རུ་གཏོང་འདོད་ཡོད།
ཕུའུ་ཅིང་གིས་གསུངས་དོན། ཡོ་ལང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཨུ་རུ་སུ་དང་ཀྲུང་གོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་འདྲ་མཉམ་ཡིད་རྟོན་དང་ཕན་ཚུན་རྒྱབ་སྐྱོར་མཐའ་འཁྱོངས་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཚོང་དོན་དང་། ནུས་རྒྱུ། བཟོ་ལས། འགྲིམ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་གལ་ཆེན་ལྡན་པ་དང་འཁྲུག་ཆ་དོད་ལ་ཕན་འབྲས་ཆེ་བའི་ས་ཁོངས་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་ཡོད་པས། ཨུ་རུ་སུ་དང་ཀྲུང་གོས་རྩ་འཛུགས་ནང་ཁུལ་གྱི་མཐུན་སྒྲིལ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཁྲིད་སྟོན་གྱི་ནུས་པ་འདོན་དགོས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་ལམ་སྲོལ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་ཕྱོགས་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོ་འཚོགས་པར་རྒྱབ་སྐྱོར་བྱས་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ལ་ཞུགས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེག་ཏུ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རིང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་10འཁོར་བའི་ལོ་ཞིག་རེད། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་ལེགས་སུ་དང་རིམ་སྤོར་བྱུང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བའི“རྫོགས་ལྡན་ལོ་10”གསར་པ་ཐུན་མོང་ཐོག་གཏོད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨུའི་མཛའ་གྲོགས་ཟབ་ཏུ་གཏོང་བའི་ལངས་ཕྱོགས་ལ་གཡོ་འགུལ་མི་གཏོང་བར། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་དོན་ཆེན་ཡག་པོ་སྒྲུབ་དགོས། ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། མི་ཐབས་རིག་ནུས་དང་ཐང་རྒོད་ཅན་བཅོས་སྐྱོང་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་གཉིས་ཕན་གཉིས་ཁེ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་ས་གནས་དབར་སྤེལ་རེས་ཟབ་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་དབར་གྱི་རིག་གནས་ལྟེ་གནས་མགྱོགས་མྱུར་འཛུགས་པ་དང་སློབ་གསོ་དང་དབུལ་པོ་ཉུང་གཏོང་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་བཏང་ནས། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོའི་ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་ལམ་སྲོལ་ཡག་པོ་སྤྱད་དེ“ངན་ཤུགས་གསུམ”ལ་མཉམ་དུ་རྡུང་རྡེག་བཏང་ནས། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཐེན་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་མ་གཏོང་དགོས།
སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་གདེང་ཚོད་བརྟན་པོ་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཟབ་མོ་ལྡན་པས། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་དགོངས་བཞེས་ཟབ་མོས་ཨུ་ཀྲུང་འབྲེལ་བར་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་བཏོད་དེ། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་གནང་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་དེར་འགྱུར་ལྡོག་འགྲོ་མི་སྲིད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཚོང་དོན་མ་འཇོག་རྒྱ་ཆེར་གཏོང་བ། ཞིང་ལས་དང་། འགྲིམ་འགྲུལ། ནུས་རྒྱུ། གཏེར་རྫས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། “ངན་ཤུགས་གསུམ”ལ་ཐུན་མོང་རྡུང་རྡེག་གཏོང་བ་བཅས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་ཚད་མཐོའི་ཁས་ལེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེག་ཏུ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རིང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་མོང་དབར་རི་ཆུ་འབྲེལ་ཞིང་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ཞི་བདེ་མཉམ་གནས་དང་། ཕན་ཚུན་ལྟ་སྐྱོང་། མཉམ་ལས་གཉིས་ཁེ་བཅས་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་གཙོ་བོ་དང་རྨང་གཞི་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་མོང་འབྲེལ་བ་དེ་མུ་མཐུད་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས་མོང་གོལ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐྱེ་སྟོབས་དང་གསོན་ཤུགས་དེ་བས་མང་བ་བསྣན་ནས་ཀྲུང་མོང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་གི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཀྲུང་མོང་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕར་ཕྱོགས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་ཕན་ཚུན་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོར་བརྩི་འཇོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་དོན་དང་། མཉམ་སྦྲེལ་མཉམ་མཐུད། ནུས་རྒྱུའི་གཏེར་རྫས་སོགས་སྲོལ་རྒྱུན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་གཏེར་རྫས་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། གཉིས་ཁེ་མཉམ་ལས་ཀྱི་འཕར་གཞི་དེ་བས་མང་བ་གཏོད་པ་བཅས་བྱས་ཏེ་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགྲོ་ལམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ད་དུང་ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས།
ཧུའུ་རི་ལེ་སུའུ་ཧོ་ཡིས་གསུངས་དོན། མོང་ཀྲུང་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཁྱིམ་མཚེས་མཛའ་མཐུན་བཅས་བྱེད་ཀྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་གོ་སྐབས་གལ་ཆེན་བསྐྲུན་ཏེ་ཨེ་ཤེ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། ཀྲུང་གོ་དང་མཛའ་མཐུན་མཉམ་ལས་ཟབ་ཏུ་གཏོང་བ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་ཨང་དང་པོ་ཡིན་པས་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་ཚོང་དོན་མ་འཇོག་དང་། བཟོ་ལས། ཞིང་ལས། གཏེར་ལས། ལྗང་མདོག་དཔལ་འབྱོར་སོགས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་བ་དང་། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་ཤིན་ཅང་དང་། བོད་ལྗོངས། ཤང་ཀང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མ་ཀྲུང་གོའི་ནང་སྲིད་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དེས་འཛམ་གླིང་གི་ཞི་བདེ་བདེ་འཇགས་སྲུང་སྐྱོང་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པས། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་ལེན་བསྟར་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།