དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱ་སྤྱོད་དངོས་ཀྱི་ཐོག་ནས་ཉེན་སེལ་རོགས་སྐྱོབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་ཀྱི་ཡིན།

    ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ངལ་མཉམ་སེལ་བྱེད་པར་སྐུལ་མ་ཆེན་པོ་ཐེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    ཟླ་8ཚེས་26ཉིན། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་དོ་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་ཆེན་པོ་གནང་སྟེ། འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཟླ་8ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀུན་སེམས་གཅིག་ཏུ་སྒྲིལ་བ་དང་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས། ཉེན་སེལ་རོགས་སྐྱོབ་ཀྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ལྗོངས་ཡོངས་ཀྱི་ཉེན་སེལ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཕྱོཌ་ཁག་གི་སྟོབས་ཤུགས་ཀྱིས་འཕྲལ་མར་དང་ལེན་དང་ནུས་ཆེའི་བྱ་སྤྱོད་སྤེལ་བ་རེད།

    ཟླ་8ཚེས་30ཉིན་གྱི་སྔ་དྲོར། བོད་དམག་ཁུལ་ཁང་འགན་སྲུང་པུས་རིམས་འགོག་དང་། ཞིབ་བཤེར། མྱུར་སྐྱོབ་སོགས་ཀྱི་རྐང་འཛིན་པ་22སྐོང་འཐེན་བྱས་ཏེ་སྨན་བཅོས་རིམས་འགོག་ཡན་ལག་རུ་ཁག་བཙུགས་པ་དང་། ཆེད་ལས་རླངས་འཁོར་7དང་། ཆེད་ལས་སྒྲིག་ཆས(ཆ་ཚང)40ལྷག་ཙམ། སྨན་རྫས་དངོས་ཟོག(ཆ་ཚང)400ལྷག་ཙམ་བཅས་བཀོད་སྒྲིག་བྱས་ནས་འཕྲལ་དུ་ལས་འགན་སྒྲུབ་ཁུལ་དུ་འབྱོར་བ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བས། ང་ཚོ་འཐབ་ས་དང་པོའི་ལས་དོན་མི་སྣར་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་ལས་ཀའི་བླང་བྱ་དེ་བས་བློ་ལ་བརྟན་པོར་ངེས་བྱུང”བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒུད་སྐྱོབ་སྲོག་སྐྱོབ་པུའི་པུའུ་ཀྲང་གཞོན་པ་ཚེ་གཡང་གིས་བརྗོད་དོན། གནོད་འཚེ་ཐོན་རྗེས་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་མགྱོགས་མྱུར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་སྤྱི་ཁྱབ་ཚོགས་པ་དང་གཞིས་རྩེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་དང་མཉམ་དུ་ཉེན་སེལ་རྒུད་སྐྱོབ་ལས་དོན་སྤེལ་བ་མ་ཟད། འཕྲལ་དུ་གཞིས་རྩེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་དང་མཐུན་སྦྱོར་བྱས་ཏེ་ས་གནས་དེ་གར་འོ་མ་དང་། མེན་པའོ། གཏེར་ཆུ་སོགས་བཟའ་བཅའི་རིགས་ཀྱི་དངོས་ཟོག་ཉོ་སྒྲུབ་བྱས་པ་ཡིན། དངོས་ཟོག་ཁག་དང་པོ་ཚེས་27ཉིན་གྱི་སྔ་དྲོར་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་བ་དང་། དངོས་ཟོག་ཁག་གཉིས་པ་དང་གསུམ་པ་གཏོང་འདྲེན་བྱེད་རིང་། འདོན་འཇུག་རོགས་སྐྱོབ་མི་སྣ་30ལྷག་ཙམ་བཀོད་སྒྲིག་བྱས་ནས་དངོས་ཟོག་འདོན་འཇུག་བྱེད་འགན་ཁུར་བ་དང་། ཁག་གསུམ་གྱི་དངོས་ཟོག་རིན་ཐང་བསྡོམས་སྒོར་ཁྲི་130ཙམ་ཟིན་ཡོད།

    ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་གཅིག་རྗེས་གཉིས་མཐུད་ངང་བྱ་སྤྱོད་སྤེལ་ནས། རང་འགུལ་ངང་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ་དང་དང་བླངས་ཞབས་ཞུའི་ནང་ཧུར་ཐག་ཞུགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གེགས་ཁུལ་ལ་རོགས་སྐྱོར་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཙེང་ཞའོ་ཅུན་གྱིས་རང་འགུལ་ངང་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པར་ཞལ་འདེབས་བརྒྱབ་ནས“གནོད་འཚེའི་མདུན་དུ་མི་ཚང་མས་ནུས་ཤུགས་གང་ཡོད་བཏོན་ཚེ། དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་ཐུབ་ངེས་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གེགས་ཁུལ་མང་ཚོགས་དཀའ་གནད་ལས་བསྒྲལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།