“ཁོང་ཚོར་རེ་བ་གསར་པ་སྦྱིན་ཐུབ་ན་ཅི་མ་རུང”
དགོང་མོའི་ཆུ་ཚོད་9པ་ཙམ་ལ། སྐྱིད་གྲོང་གྲོང་རྡལ་ལན་ཨའོ་གསོལ་མགྲོན་ཁང་གི་བར་ཁྱམས་རིམ་བཞིན་ལྷིང་འཇགས་སུ་གྱུར། གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི་ཁོག་ནད་ཚན་ཁག་གི་སྨན་རམས་པ་གཞོན་པ་རྡོ་རྗེ་ཚེ་རིང་གིས་སླར་ཡང་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པའི་སྒོ་རྡུང་།
དེ་གར་གེགས་རྗེས་གནས་སྤོས་ཀྱི་མང་ཚོགས་70ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་དང་མང་ཆེ་བ་སྐྱིད་གྲོང་གྲོང་རྡལ་ཅང་གྲོང་ཚོ(རི་ཟུར་རང་བྱུང་གྲོང་ཚོ་ཚུད་པ)ནས་ཡིན་པ་རེད། ཉིན་འདི་དག་རིང་བཀོད་སྒྲིག་བྱ་ཡུལ་གྱི་རྒན་རྒོན་བདུན་བརྒྱད་ཙམ་དགོང་མོ་གཉིད་ཡག་པོ་ཁུག་ཐུབ་ཀྱི་མེད་པས། མཚན་མོ་སྐོར་གཡེང་བྱེད་སྐབས་སྨན་དོན་མི་སྣས་བརྟག་དཔྱད་བྱས་རྗེས་ཁོང་ཚོར་བོད་ལུགས་གསོ་རིག་གི་ཧོར་མེའི་སྨན་བཅོས་བྱས་པ་རེད།
“ང་ཚོས་མགོ་ན་མིན་དང་ཆམ་པ་ཕོག་མིན་ལ་ལྟ་དགོས་པ་མ་ཟད་སེམས་ཁམས་བདེ་ཐང་ལའང་དོ་སྣང་བྱེད་དགོས”ཞེས་རྡོ་རྗེ་ཚེ་རིང་གིས་བཤད། གཉིད་མི་ཁུག་པ་དང་སེམས་ཁམས་མི་བདེ་བའི་མང་ཚོགས་ལ་ཉིན་ལྟར་སྐོར་སྐྱོད་སྨན་བཅོས་ཡང་ཡང་བྱེད་ཀྱི་ཡོད། སྔར་བས་སྨན་བཅོས་བྱེད་དགོས་རིགས་ལ་དམིགས་སུ་བཀར་ནས་སྨན་བཅོས་བྱེད་ཀྱི་ཡོད། “ཚང་མ་གཉིད་ཡག་པོ་ཁུག་ཐུབ་ཚེ་ང་ཚོ་ཡང་བློ་བདེ་པོ་འདུག”ཅེས་ཁོང་གིས་བཤད།
རྡོ་རྗེ་ཚེ་རིང་གི་ཐེངས་འདིའི་རོགས་སྐྱོབ་ཀྱི་ལམ་བུ་ནི་ཆར་པ་ཆེན་པོ་ཞིག་ནས་འགོ་བཙུགས་ཡོད། ཟླ་8ཚེས་26ཉིན། ཁོང་དང་ལས་གྲོགས་ལ་བརྡ་ཐོ་འབྱོར་རྗེས་འཕྲལ་མར་ལམ་ལ་ཆས་ཤིང་། ལམ་ཐག་ཧྲིལ་པོར་ཆར་པ་འབབ་མཚམས་ཆད་མེད་ལ་དིང་རི་བརྒྱུད་སྐབས་ཆར་པ་སྔར་བས་ཆེ་རུ་ཕྱིན་ཡོད། མཚན་མོའི་ཆུ་ཚོད་11ཙམ་ལ་ཁོང་ཚོ་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་ཞིང་ངལ་གསོ་ཕྲན་ཙམ་ཡང་རྒྱག་ཁོམ་མ་བྱུང་བར་ནད་གཞི་གྲལ་བཤེར་དང་། འཕྲོད་བསྟེན་རིམས་འགོག བཀོད་སྒྲིག་བྱ་ཡུལ་གྱི་སྨན་བཅོས་འགན་ལེན་བཅས་ཀྱི་ལས་དོན་ནང་ཞུགས།
“ད་རེས་སྔོན་མ་དང་མི་འདྲ་བར་འབྲེལ་བ་ཆད་པའི་གཉེན་ཉེ་མཐོང་རྒྱུ་མེད་པས་ནང་མི་ཚང་མ་ཁོང་ཚོའི་གནས་ཚུལ་སྒུག་རྒྱུ་ལས་མ་འདས”ཞེས་རྡོ་རྗེ་ཚེ་རིང་གིས་བཤད།
རྡོ་རྗེ་ཚེ་རིང་གིས་སེམས་གསོ་གཏོང་ཡུལ་དང་པོ་ནི་གློ་བུར་དུ་དྲན་མེད་དུ་བརྒྱལ་བའི་ཨ་ཅག་ཅིག་རེད། ཚེས་27ཉིན་གྱི་སྔ་དྲོར། ཕ་མ་གཉིས་གནོད་འཚེའི་ཁྲོད་འབྲེལ་བ་ཆད་པའི་ཨ་ཅག་ཅིག་ཧོབ་སྟེ་ས་ལ་འགྱེལ་བས་བརྟག་དཔྱད་བྱས་པ་བརྒྱུད་དྲན་པ་ཐོར་བ་ལས་སྲོག་ལ་ཉེན་ཁ་མེད་པ་ཤེས། གསོ་རླུང་རྔུབ་ཏུ་བཅུག་པ་དང་བོད་ལུགས་གསོ་རིག་གི་ཧོར་མེའི་སྨན་བཅོས་བྱས་ནས་སྐར་མ་10ཙམ་སོང་རྗེས་ཁོང་རིམ་གྱིས་དྲན་པ་གསོས་ཤིང་། ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་མལ་ལས་ལངས་ཐུབ་ཡོད། འོན་ཀྱང་ཁོང་གིས་ཟས་ཁ་ལ་མི་ལེན་ཞིང་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་མིག་གཉིས་མདུན་དུ་ཅེར་ནས་བསྡད།
ཟླ་8ཚེས་28ཉིན་གྱི་དགོང་མོར། ཁོང་སླར་ཡང་ངུ་བཞིན་རྡོ་རྗེ་ཚེ་རིང་གི་ལག་པར་འཇུས་ཤིང་ཁ་ནས“སྐུ་མཁྱེན་་་་་་”ཞེས་ཡང་ཡང་འདོན་པ་ལས་ངག་མ་འཁྲོལ་བས་རྡོ་རྗེ་ཚེ་རིང་ཡང་ཁོ་མོའི་སྒལ་པར་བྱིལ་བྱིལ་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་མ་ཐོན།
“སེམས་ལ་ན་ཟུག་བརྒྱབ་ནས་མགྲིན་པ་ཡང་འགཌ་སོང”ཞེས་རྡོ་རྗེ་ཚེ་རིང་གིས་བཤད་ཅིང་། མི་སྐྱོབ་མཁན་ལའང་སེམས་ཀྱི་སྡུག་བསྔལ་ཡོད་པ་སུ་ཡིས་ཤེས།
“རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁོང་ཚོར་རེ་བ་གསར་པ་སྦྱིན་ཐུབ་ན་ཅི་མ་རུང”ཞེས་རྡོ་རྗེ་ཚེ་རིང་གིས་བཤད།
འབྲེལ་ཡོད་གསར་འགྱུར།