དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནོད་འཚེ་ཕོག་ཁུལ་ལྟེ་བར་སྐྱོད་པའི་ཆུ་ཚོད་72རིང་གི་རོགས་སྐྱོབ་ལས་དོན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-01

    ཆུ་རུད་ཐོན་ན་ཡང་མི་རྣམས་བདེ་འཇགས་ཀྱི་ཡུལ་དུ་ཕྱིར་འཐེན་པར་སྔར་བཞིན་བཀོད་འདོམས་བྱེད་བཞིན་ཡོད་པ་དང་། ལུས་པོ་ཕྱེད་ཀ་ཙམ་འདམ་རྫབ་ཏུ་དིམ་ན་ཡང་མུ་མཐུད་མདུན་དུ་སྐྱོད་བཞིན་ཡོད། བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་ཉིན་གསུམ་པར་ཉེན་ཁར་མི་འཛེམ་པར་མདུན་དུ་སྐྱོད་མཁན་ཚོའི་རྒྱབ་གཟུགས་རེ་རེ་ལས་མི་ཚང་མར་སེམས་འགུལ་ཐེབས་བཞིན་ཡོད།

    འགྲོ་ལམ་ཆད་པའི་དཀའ་ངལ་སེལ་བ་ནས་དངོས་ཟོག་མཁོ་སྤྲོད་བརྟན་པོ་དང་མང་ཚོགས་བཀོད་སྒྲིག་བྱེད་པའི་བར་ཆུ་ཚོད་རེ་རེ་དང་། སྤྱི་ལེ་རེ་རེ། འཚོལ་སྐྱོབ་བྱེད་ཐེངས་རེ་རེ་བཅས་ཚང་མ་ནི་རང་བྱུང་གནོད་འཚེར་འགྲན་རྒོལ་བྱེད་པ་ཞིག་རེད། དཀའ་གནད་ལས་སྒྲོལ་བའི་ཆུ་ཚོད་72རིང་གི་ཤི་གསོན་ལ་ཐུག་པའི་སྐྱོབ་རོགས་ལས་དོན་ནི“ཚེ་སྲོག་གོང་དུ་བཀུར་བར”སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་ཞིག་རེད།

    གནོད་འཚེ་ཕོག་ཁུལ་ལྟེ་བ་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ཡོད་པའི་སྐྱིད་གྲོང་གྲོང་རྡལ་དུ་ཕྱོགས་མང་པོའི་རོགས་སྐྱོབ་སྟོབས་ཤུགས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོབ་དང་། འགན་ལེན། བཀོད་སྒྲིག་སོགས་ཀྱི་འབྲེལ་ཡོད་ལས་དོན་ནང་ཞུགས་པས། གནས་སྐབས་བཀོད་སྒྲིག་བྱ་ཡུལ་འཕྲལ་མར་བསྐྲུན་ཐུབ་སྟེ་ཉེ་འཁོར་གྱི་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་རགས་ཙམ་ཐུབ་ཡོད་པ་རེད།

    སྐྱིད་གྲོང་གྲོང་རྡལ་གྱི་གྲོང་སྦྲེལ་ཏང་གི་སློབ་གྲྭའི་མི་སེར་སློབ་ཁང་གི་སྒོ་རའི་ནང་གེགས་སེལ་གུར་30གྲལ་སྟར་འགྲིག་པོས་ཕུབ་ཡོད། དིང་རི་རྫོང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་བསམ་གྲུབ་ཀྱིས“ན་ནིང་དིང་རིར་ས་ཡོམ་རྒྱག་དུས་རྒྱལ་ཡོངས་མི་དམངས་ཀྱིས་རོགས་རམ་བྱས་བྱུང་། ད་ཆ་སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཕོག་པས། ང་ཚོས་ཉིན་དང་པོར་སྒུལ་བདེའི་ཟས་འཁོར་བཏང་ནས་དེ་གར་ཡོང་བ་དང་། ཉིན་གཉིས་ལ་ཉིན་ལྟར་མི་400ལྷག་ཙམ་ལ་ཁ་ལག་བཟོ་གི་ཡོད། རོགས་སྐྱོབ་བྱེད་མཁན་ཚང་མ་རིན་མེད་ཁ་ལག་ཚ་པོ་ཞིག་ཟ་རྒྱུ་ཡོང་བའི་རེ་བ་ཡོད”ཅེས་བརྗོད།

    སྐྱིད་གྲོང་འཕྲལ་སྡོམ་ཉེན་གཡོལ་ཐང་ཆེན་གྱི་མཁའ་ཟོན་ས་འོག་ཁང་པའི་འཛུལ་སྒོ་ནས་གསར་འགོད་པས་དང་བླངས་པ་བཅུ་ལྷག་ཙམ་གྱིས་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་རོགས་སྐྱོབ་དངོས་ཟོག་དབོར་མཁན་རླངས་འཁོར་མང་པོ་ཞིག་ནས་དངོས་ཟོག་འབེབས་བཞིན་ཡོད་པ་མཐོང་བྱུང་། ཁོང་ཚོས་ཕན་ཚུན་གཞོགས་འདེགས་ཀྱིས་དབོར་སྐྱེལ་དང་དབྱེ་གསེད་བྱས་ནས་འཐུང་ཆུ་དང་ཟས་རིགས་སྒམ་རེ་རེ་བཞིན་གྲལ་འགྲིག་པོས་རྩིག་བཞིན་འདུག

    རོགས་སྐྱོབ་དངོས་ཟོག་ཁྲི་3ལྷག་ཙམ་དམིགས་སར་འབྱོར་ཡོད། དངོས་ཟོག་འདི་དག་དགོས་མཁོ་མི་འདྲ་བར་གཞིགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་འཐབ་ས་མདུན་མའི་རོགས་སྐྱོབ་མི་སྣར་སྔ་རྗེས་སུ་སྤྲོད་ཀྱི་ཡོད་ཅེས་ས་ཡུལ་དངོས་ཀྱི་ལས་དོན་པས་གསར་འགོད་པར་བཤད།

    སྐྱིད་གྲོང་འགག་སྒོར་སྐྱོད་སའི་G216ལམ་གྱི་མཐའ་མའི་སྤྱི་ལེ་ཁ་ཤས་ཀྱི་གཞུང་ལམ་རྡིབ་ཡོད་པས། གནོད་འཚེ་ཕོག་ཁུལ་ལྟེ་བར་འགྲོ་འོང་བྱེད་སའི་སྲོག་རྩ་ལྟ་བུའི་སྐམ་ལམ་ཆད་པའི་དབང་གིས་རོགས་སྐྱོབ་མི་སྣ་དང་རླངས་འཁོར་རམ་འཕྲུལ་ཆས་དེ་གར་སྐྱོད་ཐབས་བྲལ། ད་དུང་ཞོར་ཐོན་གནོད་འཚེའི་ཉེན་ཁ་ཡང་ཆེན་པོ་ཡོད་པ་རེད།

    རི་ལྡེབས་ནས་རྦབ་རྡོ་རྒྱུན་མི་ཆད་པར་ཟགས་ཡོང་ནས་རི་ཉིལ་བ་དང་། འཁྱིལ་མཚོ་ཆགས་པ། ཞོར་ཐོན་གྱི་ཆུ་རུད་ཐོན་པ་སོགས་ཀྱི་ཉེན་ཁ་སྔར་བཞིན་གནས་པས། རོགས་སྐྱོབ་ཀྱི་ཁོར་ཡུག་ཞན་ལ་འགག་སྒྲོལ་གྱི་དཀའ་གནད་ཧ་ཅང་ཆེན་པོ་ཡོད་པ་གསར་འགོད་པས་མཐོང་བྱུང་། “རེ་བ་རྟ་རྔ་ཙམ་ལས་མེད་ཀྱང་ང་ཚོས་གཏན་ནས་དབྱུག་བཞག་གི་མ་རེད”ཅེས་ཀྲུང་གོ་རོགས་སྐྱོབ་རུ་ཁག་ཁྲེང་ཏུའུ་སྐམ་སའི་འཚོལ་བཤེར་རུ་ཁག་གི་རུ་དཔོན་ཧོ་ཅན་ཤིན་གྱིས་བཤད་ཅིང་། ཁོང་དང་རུ་མི་ཚང་མས་རེ་བ་འདི་ལྟར་འཆང་བཞིན་འདུག

    མདུན་དུ་སྐྱོད་ཐེངས་རེ་རེ་ནི་མི་མངོན་པའི་ཉེན་ཁར་གདོང་གཏད་ནས་ལྡོག་སྐྱོད་བྱས་པ་ཞིག་རང་རེད།

    ཕར་བལྟས་ན་སྨི་བཅུ་ཕྲག་ཁ་ཤས་ལས་མེད་ཀྱང་། བགྲོད་ལམ་ཤར་གཏོང་བྱེད་པ་ནི་ལས་སླ་པོ་ཞིག་མིན།

    ཚེས་29ཉིན་གྱི་ཉིན་དེ་རང་ལ་གཞུང་ལམ་མྱུར་བཟོ་བྱས་ནས་མདུན་ཕྱོགས་སུ་སྨི་150ཙམ་བསྐྱོད་ཐུབ་ཡོད། ཚེས་29ཉིན་གྱི་ཆུ་ཚོད་17བར་གནོད་འཚེ་ཐོན་ཚུན་དུ་རིམ་རྩིས་བརྒྱབ་ན་གཞུང་ལམ་སྤྱི་ལེ་2.6བཤངས་ཐུབ་ནས་མུ་མཐུད་གཞུང་ལམ་མྱུར་བཟོ་བྱེད་པར་ལས་སྒྲུབ་ཀྱི་མཐུན་རྐྱེན་བསྐྲུན་ཡོད།

    ཆུ་རུད་ཀྱིས་དེད་པའི་གཞུང་ལམ་དུམ་བུ་མང་པོ་བསྐྱར་དུ་མཐུད་བཞིན་ཡོད་པ་དང་། འགྲོ་ལམ་མདུན་ཕྱོགས་སུ་སྨི་གཅིག་མྱུར་བཟོ་བྱས་ན། གནོད་འཚེ་ཕོག་ཁུལ་ལྟེ་བ་དང་བར་ཐག་དེ་བས་ཉེ་རུ་འགྲོ་གི་ཡོད།

    ཚེས་29ཉིན་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་ཁུལ་ལྟེ་བར་འདམ་རྫབ་ཀྱི་མཐུག་ཚད་ལ་སྨི་1.5དང་ཐ་ན་སྨི་2ཡན་ཟིན་མོད། མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྔར་བཞིན་དཀའ་ཚེགས་ཆེན་པོས་སྤེལ་བཞིན་ཡོད་ཅིང་། རོགས་སྐྱོབ་མི་སྣས“དཀའ་ངལ་ཇི་ཙམ་ཆེ་ཡང་། ང་ཚོས་སྐད་ཅིག་ཙམ་ཡང་མཚམས་འཇོག་མི་རུང”ཞེས་བཤད།

    གསར་འགོད་པས་སྐྱིད་གྲོང་འགག་སྒོ་དང་བར་ཐག་སྤྱི་ལེ་3ཡོད་པའི་མཁའ་ཐོག་གི་དངོས་ཟོག་དབོར་ཡུལ་ཞིག་ནས་ལས་དོན་པས་མི་མེད་གནམ་གྲུ་སྤྱད་དེ་རོགས་སྐྱོབ་ས་ཁོངས་ལྟེ་བར་འབྱོར་ཟིན་པའི་མདུན་ཕྱོགས་ཀྱི་འཕྲལ་སྒྲུབ་རུ་མིར་འཚོལ་སྐྱོབ་སྒྲིག་ཆས་དང་དངོས་ཟོག་བསྐྱལ་ནས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་ལ་རམ་འདེགས་ཀྱིས་མི་སྣ་འཚོལ་སྐྱོབ་གང་ཐུབ་བྱེད་བཞིན་ཡོད་པ་མཐོང་བྱུང་།

    ཚེས་29ཉིན་གྱི་ཆུ་ཚོད་དང་པོའི་བར། སྐྱིད་གྲོང་ཕྱོགས་སུ་རིམ་པ་ཁག་གི་རོགས་སྐྱོབ་མི་སྣ་2141དམིགས་སར་འབྱོར་ཡོད་པ་དང་། ཚེས་29ཉིན་འཕྲལ་སྡོམ་དོ་དམ་པུས་ཀྲུང་གོ་ཨན་ནེང་ལས་གྲྭའི་མི་སྣ་གཞུང་ལམ་མྱུར་བཟོའི་ལས་དོན་རྒྱུན་མཐུད་སྤེལ་བར་མངགས་ཤིང་། ལག་རྩལ་དང་རྩལ་ནུས་ཀྱི་རྐང་འཛིན་པ་60དང་། སྔོག་འཕྲུལ་དང་བླུག་འཁོར་14སོགས་ལས་གྲྭའི་རོགས་སྐྱོབ་སྒྲིག་ཆས་བཏང་ནས། G216ལམ་བུའི་མཐའ་མའི་སྤྱི་ལེ་ཁ་ཤས་མྱུར་བཟོ་བྱེད་བཞིན་ཡོད་པ་རེད།

    བོད་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས་སྦྲེལ་ཚུགས་1མྱུར་བཟོ་བྱས་པ་དང་སྦྲེལ་ཚུགས་3བཙུགས་པས་སྐྱིད་གྲོང་འགག་སྒོའི་རྒྱལ་སྒོ་དང་བར་ཐག་སྤྱི་ལེ་3ཡོད་པའི་སར་འཕྲིན་གཏོང་བརྡ་རྟགས་སླར་གསོ་ཐུབ་ཡོད། འཕྲལ་སྡོམ་ཉེན་སེལ་གྱི་གློག་གཏོང་འགན་ལེན་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་བས་ལྕགས་སྒྲོམ་གྱི་སྦྲེལ་ཚུགས་1ནས་གློག་མཁོ་འདོན་ཐུབ་ཀྱི་ཡོད་པ་དང་གནོད་འཚེ་ཕོག་ཡུལ་གཙོ་བོའི་ས་ཁོངས་སུ་གློག་ཤུགས་མྱུར་བཟོ་རྒྱུན་མཐུད་བྱེད་བཞིན་ཡོད་པ་རེད།

    མིག་སྔར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་རོགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་བརྟན་པོ་སྤེལ་བཞིན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།