དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚོད་དམ་འཛིན་བྱས་ནས་ཉེན་སེལ་རོགས་སྐྱོབ་བྱེད་པར་བསྐྱོད་པ།

    ​སྐྱིད་གྲོང་འགག་སྒོར་སྐྱོད་སའི་འགྲོ་ལམ་སྤྱི་ལེ་2.6ཤར་གཏོང་ཐུབ་ནས་འགག་སྒོ་དང་དྲང་ཐད་བར་ཐག་སྤྱི་ལེ་1ཙམ་ལས་མེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-01

    ཟླ་8ཚེས་29ཉིན་གྱི་ཉིན་གུང་སྐྱིད་གྲོང་འགག་སྒོ་དང་བར་ཐག་སྤྱི་ལེ་2ཙམ་ཡོད་སའི་རིའི་ཕྱོགས་གཅིག་ཏུ“མེ་གསོད་རོགས་སྐྱོབ”དང་། “ཀྲུང་གོ་ཨན་ནེང” “དྲག་ཆས་ཉེན་རྟོག་ལས་སྒྲུབ”སོགས་ཀྱི་ཡི་གེ་བཀོད་པའི་རླངས་འཁོར་གཅིག་ལ་གཅིག་མཐུད་ངང་གྲལ་སྟར་འགྲིག་པོར་བཞག་ཡོད། ས་འདྲུ་འཕྲུལ་འཁོར་གྱིས་འདམ་རྙོག་རེ་རེ་བཞིན་བཤངས་ཏེ། རོགས་སྐྱོབ་བགྲོད་ལམ་དེ་ཉིད་སྨི་རེ་རེ་བཞིན་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་སྣུར་སྲིང་བྱས། ལས་ཀ་བྱེད་སའི་གཞོགས་གཅིག་ནི་ལང་ལོང་དུ་རྒྱུག་པའི་སྐྱིང་གྲོང་གཙང་པོ་རེད།

    “མདུན་གྱི་ལམ་དེ་ཁ་ས་འདམ་པ་དང་རྡོ་ཧྲུག་གིས་ཁེངས་འདུག ལས་གྲྭའི་རླངས་འཁོར་གྱིས་འདམ་རྡོ་བཤངས་པ་བརྒྱུད་ལམ་ངོས་རིམ་བཞིན་དོན་ཡོང་གི་འདུག”ཅེས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་འཐབ་འཛིང་པ་སྤེན་པ་བསམ་གྲུབ་ཀྱིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐྱིད་གྲོང་འགག་སྒོར་སྐྱོད་སའི་འགྲོ་ལམ་སྤྱི་ལེ་2.6ཤར་གཏོང་ཐུབ་ནས་འགག་སྒོ་དང་དྲང་ཐད་བར་ཐག་སྤྱི་ལེ་1ཙམ་ལས་མེད་པ་རེད།

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཡོལ་ཙམ་ལ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཞིང་། སྐྱིད་གྲོང་འགག་སྒོར་སྐྱོད་སའི་རྒྱལ་ལམ་216གི་མཐའ་མའི་སྤྱི་ལེ་ཁ་ཤས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་ལམ་གཞི་ཁ་ཤས་ཆུས་འཁྱེར་ནས་ཐོར་ཞིག་ཏུ་སོང་ཡོད།

    གསར་འགོད་པས་ས་གནས་ས་ཐོག་ནས་མཐོང་བར། ལས་སྒྲུབ་ཁུལ་དེ་རི་མཐོ་ལ་རོང་དོག་པ་དང་། ཆུ་ལམ་དང་ཉེ་བ། གཞོགས་གཉིས་ཀྱི་རི་གཟར་བ། ཨར་ལས་བྱ་ཡུལ་ཤིན་ཏུ་གུ་དོག་པ་བཅས་སུ་ཡོད་པས་འདི་གར་འཕྲུལ་འཁོར་ཆེ་རིགས་མང་པོ་དུས་གཅིག་ཏུ་ལས་ཀ་བྱེད་མི་ཐུབ་པ་མ་ཟད། སྒྲིག་ཆས་བཀོད་གཏོང་དང་ཁ་སྐོར་སའང་ཆེན་པོ་མེད་པས་ལས་ཀ་བྱེད་ཁག་པོ་ཡོད། རོགས་སྐྱོབ་མི་སྣས་རིམ་བཞིན་མདུན་དུ་སྐྱོད་པ་དང་ལས་ཀ་ཧུར་ཐག་འབད་ཐག་བྱས་ནའང་ཉིན་གཅིག་ལ་འགྲོ་ལམ་སྨི་བརྒྱ་གྲངས་ལས་གཤོང་ཐུབ་ཀྱི་མེད།

    “ཚེས་29ཉིན་བར་འདམ་རྙོག་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1.2གཤོང་ཐུབ་སོང”ཞེས་ཀྲུང་གོ་ཨན་ནེང་ཁྲེང་ཏུའུ་རོགས་སྐྱོབ་རྟེན་གཞིའི་ཀྲུའུ་རེན་ཀྲུང་ཝུན་ཅུན་གྱིས་བཤད།

    ཚེས་29ཉིན་གྱི་སྔ་དྲོར། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་རོགས་སྐྱོབ་དཔུང་སྡེ་སྐྱིད་གྲོང་འགག་སྒོ་དང་བར་ཐག་སྤྱི་ལེ་2ཙམ་ཡོད་པའི་སར་འབྱོར་ནས་རོགས་སྐྱོབ་སྟོབས་ཤུགས་གཞན་དག་དང་མཉམ་དུ་འདམ་རྙོག་གཤོང་བའི་ནང་ཞུགས་པ་རེད། སློབ་སྟོན་པ་བྱམས་པ་བསོད་ནམས་ཀྱིས་རུ་འགོར་བསྐྱོད་ཅིང་། ཁོང་གིས“ཡག་པོ་བྱས་ནས་ལྟོས་ཨང་། ས་ཆ་ཚང་མ་ཨ་སློག་རྒྱག་དགོས”ཞེས་བཤད། དུས་ཚོད་དམ་འཛིན་གྱིས་འཐབ་འཛིང་པ་ཚོས་ལག་ཏུ་སྦྱག་མ་ཁྱེར་ནས་འཚོལ་སྐྱོབ་བྱེད་པར་བསྐྱོད་ཅིང་། སྦྱག་སློག་རྒྱག་རིམ་བཞིན་པུས་མོ་ས་ལ་བཙུགས་ནས་ཞིབ་པར་ལྟ་གི་ཡོད།

    ས་རུབ་ལ་ཉེ་ཡང་ཆར་ཐག་ད་དུང་མ་ཆད་ཅིང་། ལུང་ཤུར་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་སྔར་བཞིན་གྲགས་པ་དང་རོགས་སྐྱོབ་བགྲོད་ལམ་དེ་ཉིད་སྨི་རེ་རེ་བཞིན་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་སྣུར་སྲིང་བྱེད་བཞིན་མཆིས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།