ཐེངས་འདིའི་ཉེན་སེལ་རོགས་སྐྱོབ་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་དོན་གང་ཡིན།
ཟླ་8ཚེས་26ཉིན། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། ཀྲུང་གོ་དང་ནེ་པ་ལའི་ཕྱོགས་གཉིས་ཀྱི་རང་བྱུང་ཆ་རྐྱེན་ལ་ཁྱད་པར་གང་ཡོད། སྐྱིད་གྲོང་འགག་སྒོའི་ཉེན་སེལ་རོགས་སྐྱོབ་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་དོན་གང་ཡིན། དེའི་སྐོར་ལ་གསར་འགོད་པས་འབྲེལ་ཡོད་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱས་པ་ཡིན།
བཅར་འདྲི་དང་ལེན་བྱེད་མཁན་རིགས་གཅིག་མཁས་ཅན་གྱིས། ཀྲུང་ནེའི་མཐའ་མཚམས་ཀྱི་འཁྱགས་རུད་ཐོན་ཁུལ་དང་དེ་བཞིན་ཐག་ཉེ་ས་ཚང་མ་ཧི་མ་ལ་ཡའི་ཤིན་ཏུ་གཟར་བའི་རི་མཐོ་གྲོག་རོང་ཁུལ་དུ་གཏོགས་ཤིང་། དེ་གའི་རི་མཐོ་ལ་གཡང་གཟར་བ་དང་ཐུར་གཟར་ལ་གྲོག་རོང་གུ་དོག་པས་ཉེན་གཡོལ་དང་རོགས་སྐྱོབ་ཀྱི་བར་མཐོངས་ཚང་མར་ཚད་བཀག་ཆེན་པོ་ཕོག་ཡོད།
ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཤུགས་རིག་ཞིབ་འཇུག་ཁང་བྱེད་སྒོའི་གྲུབ་ཚུལ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝུའུ་ཀྲུང་ཧའེ་དང་ཞིབ་འཇུག་པ་གཞོན་པ་ཀྲང་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་མངའ་ཁོངས་ཀྱི་སྐྱིད་གྲོང་འགག་སྒོ་ནི་སྐྱིད་གྲོང་རོང་ཆེན་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་སྒང་གཙོ་བོའི་གྲོག་རོང་ཁུལ་དུ་གནས་པ་དང་། དེ་གའི་གཟར་ཁྱད་ཆེ་བ་དང་གྲོག་རོང་གུ་དོག་པོ་ཡོད། ནེ་པ་ལའི་ཕྱོགས་ཀྱི་འཁྱགས་རུད་ལས་ཐོན་པའི་ཆུ་རུད་དེ་གུ་དོག་པའི་གྲོག་རོང་དང་རི་ངོས་ཐུག་སྐབས། གུ་དོག་པའི་ཆུ་ལམ་གྱི་ཚོད་འཛིན་དྲག་པོ་ཕོག་པའི་དབང་གིས་ཆུ་ཤུགས་དེ་བས་གཅིག་ཏུ་འབྲེལ་ནས་རྡེབ་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།
ནེ་པ་ལའི་ཕྱོགས་ཀྱི་སྐྱིད་གྲོང་ལུང་ཤུར་གྱི་སྨད་རྒྱུད་དུ་སླེབས་རྗེས་ཆུ་ལམ་རིམ་བཞིན་རྒྱ་ཆེར་ཕྱིན་པ་དང་ཆུ་ཤུལ་སྐས་ས་བལྟོས་བཅས་ཀྱིས་མང་དུ་སོང་བས། སྨད་རྒྱུད་ས་ཁོངས་ཁག་གཅིག་གི་མི་སྣ་ཁ་འགྲེམས་དང་རོགས་སྐྱོབ་ལ་བལྟོས་བཅས་ཀྱིས་ས་དབྱིབས་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། འོན་ཀྱང་ཆུ་རུད་ཀྱི་གནོད་འཚེ་ཐོན་ཁུལ་དང་དེ་བས་ཐག་ཉེ་བའི་ཀྲུང་གོ་ཕྱོགས་ཀྱི་འགག་སྒོའི་གནོད་འཚེའི་ལྟེ་བའི་ཁུལ་དུ་གྲོག་རོང་གུ་དོག་པ་དང་། བྱེ་འདམ་མང་བ། རྡོ་ཧྲུག་གིས་ས་ངོས་བསྣུབས་པ། འཁྱིལ་མཚོའི་ཉེན་ཁ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་ཉེན་སེལ་ལས་ཀར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད།
ཝུའུ་ཀྲུང་ཧའེ་དང་ཀྲང་ལེས། སྐྱིད་གྲོང་འགག་སྒོར་སྐྱོད་སའི་འགྲོ་ལམ་གཙོ་བོ་གྲོག་རོང་དུ་ཆགས་ཡོད་པ་དང་། དེའི་གཞོགས་གཅིག་ནི་རི་མཐོ་གཡང་གཟར་དང་གཅིག་ཤོས་ནི་དྲག་ཏུ་རྒྱུག་པའི་ཆུ་བོ་རེད། བྱེ་འདམ་མང་བ་དང་རྡོ་ཧྲུག་མང་པོ་ཕུང་གསོག་ཐེབས་ནས་ལམ་འགགས་ཡོད་པས། རོགས་སྐྱོབ་མི་སྣ་དང་འཕྲུལ་ཆས་སྐྱོད་ཐབས་མེད་ལ་དངོས་ཟོག་ཀྱང་དབོར་ཐབས་མེད། དེས་མ་ཚད་གྲོག་རོང་མཐིལ་གྱི་བར་མཐོངས་ལ་ཚད་བཀག་ཡོད་པ་དང་། སྒྲིག་ཆས་ཆེ་གྲས་ས་ཡུལ་དངོས་སུ་དབོར་ནས་ས་ཆ་མང་པོར་དུས་གཅིག་ཏུ་ལས་ཀ་བྱེད་ཐབས་མེད། དེས་ན་ལམ་རྒྱུད་ཀྱི་ཆ་རྐྱེན་ལ་གཞིགས་ནས་བགྲོད་ལམ་གཤོང་རྒྱུ་ལས་ཐབས་གཞན་གང་ཡང་མེད་ཅེས་ངོ་སྤྲོད་བྱས།
འདམ་རྙོག་གཤོང་རྒྱུ་དེའང་རྒྱུན་གཏན་ལྟར་སྟབས་བདེ་པོ་ག་ལ་ཡོད། ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཧའེ་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་རུད་འགག་སྒོར་སླེབས་སྐབས་འཁྱགས་པ་དང་། ཆུ། བྱེ་འདམ། བྲག་རྡོ་སོགས་མཉམ་དུ་ཕུང་གསོག་ཐེབས་ཡོད་པ་དང་། ལྷག་པར་དུ་འཁྱགས་རོམ་བཞུར་བ་ལས་འབབ་པའི་བྲག་རྡོ་ཆེན་པོ་མང་བ་དང་ས་འོག་ཏུ་གཏིང་རིང་པོ་འཛུལ་ཡོད་པ་མ་ཟད། ལྟེ་བའི་ཁུལ་གྱི་ཕུང་གསོག་ཐེབས་པའི་ས་སོབ་སོབ་ཡིན་པས། མི་སྣ་འགྲོ་སྐྱོད་དཀའ་བ་དང་། སྒྲིག་ཆས་འདམ་དུ་དིམ་སླ་བ། མདུན་དུ་སྐྱོད་དཀའ་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་འཕྲད་ཡོད། གཞན་ཡང་ད་དུང་ལམ་གཤོང་སྐབས་གཡང་གཟར་ངོས་ལ་གཏོར་སྐྱོན་མི་ཕོག་པ་བྱེད་དགོས། ཕུང་གསོག་ཐེབས་པའི་བྱེ་འདམ་དང་རྡོ་ཧྲུག་གཤོང་སྐབས་ཀྲུང་གོའི་ཕྱོགས་ཀྱི་ལས་འབོར་མང་བ་དང་ལས་ཀའི་དཀའ་ངལ་དེ་བས་ཆེ་བ་ཡོད།
འབྲེལ་ཡོད་གསར་འགྱུར།