དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ན་སོ་གཞོན་དུས་དཀའ་བ་ཁྱད་དུ་བསད་ནས་དོན་སྙིང་ལྡན་པའི་ལས་ཀ་བྱས་ན་ལེགས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2026-09-01

    “དཀའ་ཚེགས་ཆེ་བའི་ཁུལ”ཞེས་པ་ས་ཆ་ཅི་འདྲ་ཞིག་ལ་ཟེར་ཞེ་ན། འདི་ནི་ཆ་སྙོམས་ས་བབ་སྨི་5373ཟིན་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ལས་ཟིན་གྱི་མེད་པ། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ཡིན་པ། ཟླ་9ཙམ་ནམ་དུས་དགུན་ཁ་ཡིན་པ་བཅས་ཀྱི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ལྟ་བུར་ཟེར་གྱི་ཡོད།

    འདིར་གང་དུ་བལྟས་ཀྱང་གནམ་གཤིས་གྲང་ངར་ཆེན་པོ་ཡོད། དེས་རྐྱེན་པས་ས་གནས་དེའི་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད་ལ། མི་རབས་ནས་མི་རབས་བར་གྱི་འབྲོག་པའི་འཚོ་བ་དང་ཕུགས་འདུན་དོན་དུ་གཉེར་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། མི་རྣམས་འཇིག་རྟེན་མི་ཡུལ་དུ་གནས་དགོས་ཚེ། དང་ཐོག་རང་བྱུང་ཁམས་དང་འཐབ་རྩོད་བྱེད་དགོས། འོན་ཀྱང་འདིར་གསོ་རླུང་དཀོན་ཞིང་གྲང་ངར་ཆེ་ལ་འགྲིམ་འགྲུལ་སྟབས་མི་བདེ་བས། གང་ནས་བལྟས་ཀྱང་མི་རྣམས་དཔའ་ཞུམ་པ་ཞིག་ཏུ་སྣང་།

    འོན་ཀྱང་འབྲོག་པ་ཚོས་དཀའ་ངལ་མང་པོ་ཡོད་ན་ཡང་སྔར་རྒྱུན་བཞིན་རང་བྱུང་ཁམས་དང་འཐབ་རྩོད་བྱེད་དགོས་ཞེས་ཟེར། འོ་ན་འཐབ་རྩོད་བྱེད་པའི་གདེང་སྤོབས་དེ་གང་ནས་བྱུང་བ་ཡིན་ཞེ་ན།

    སྡོད་གནས་ཀྱི་འཕོ་འགྱུར་ལས་བྱུང་བ་ཞིག་རེད།

    ཕུ་མ་བྱང་ཐང་དུ་འབྱོར་ནས་ས་ཁུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མགོན་བཀྲའི་ཁྱིམ་གྱི་ཤེལ་ཁང་དུ་སྐྱོད་སྐབས་དྲོ་སོབ་སོབ་ཀྱི་སྣང་བ་བྱུང་། “དེ་སྔ་དགུན་དུས་ལྕགས་ཐབ་ལ་བསྐོར་ནས་སྡོད་དགོས་ཀྱི་ཡོད་པ་དང་། སྲིང་བལ་སྟོད་ཐུང་ཡུད་ཙམ་ཡང་འཕུད་ནུས་ཀྱི་མེད། ཡིན་ནའང་ད་ཆ་དགུན་ཁར་སྦ་ལན་གཅིག་གྱོན་ན་འགྲིག་གི་འདུག”ཅེས་བརྗོད་པ་དང་། ལོ་བཅུ་ཕྲག་ཁ་ཤས་གོང་དུ་ཕུ་མ་བྱང་ཐང་དུ་འདི་འདྲ་ག་ལ་བྱེད་ཕོད།

    གྲང་ངར་འགོག་ཐུབ་ཙམ་གྱི་ཁང་པ་ནས་ཚད་ལྡན་ཅན་གྱི་འབྱོར་འབྲིང་ཁང་པར་སྤོ་རྒྱུ་བྱུང་ཞིང་། ད་ཆ་ཤང་ཡོངས་ཀྱི་དུད་ཚང་280ཡི་འབྲོག་པ་ཚང་མ་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་སྡོད་ཁང་གསར་པར་སྤོས་ཡོད་པ་དང་། ཁང་པའི་བཀོད་པར་ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད་བཅས་གང་དགོས་ཆ་ཚང་ཡོད་པས། “འཚོ་ཐུབ་པ”ནས“སྡོད་ཁང་ཡག་པོར་སྡོད་རྒྱུ་བྱུང་བའི”བར་བདེ་སྡོད་ཀྱི་ཕུགས་འདུན་ཡོངས་སུ་མངོན་འགྱུར་བྱུང་ཡོད།

    ཆུ་དང་གློག་སོགས་ཤར་གཏོང་ཐུབ་པ་ལས་བྱུང་བ་ཞིག་རེད།

    ཆུ་དང་། གློག ལམ། དྲ་བ་བཅས་གྲོང་ཚོར་ཤར་གཏོང་ཐུབ་པ་དང་བསྟུན་ནས། འབྲོག་པ་ཚོ་ལྕི་བའི་ཐབ་གཏོང་བའི་འཚོ་བ་རྦད་དེ་མཇུག་འགྲིལ་ཡོད་ལ། གྲོང་ཁྱེར་དུ་སྐྱོད་སྐབས་དེ་སྔོན་གྱི་འབར་འབུར་གྱི་རི་ལམ་དེ་ད་ཆ་ཁོད་སྙོམས་པའི་སྣུམ་ནག་ལམ་དུ་གྱུར་ཡོད། དེ་ནས་བཟུང་རི་མཐོ་པོས་འགྲུལ་བཞུད་ལ་འགོག་རྐྱེན་བཟོས་ཐུབ་མེད་ཅིང་། ལུང་པའི་ཕུ་མདོར་སྔར་བྱུང་མྱོང་མེད་པའི་འབྲེལ་བ་དམ་ཟབ་འབྱུང་བཞིན་ཡོད།

    མི་འདུ་བ་ལས་བྱུང་བ་ཞིག་རེད།

    དེ་སྔ་ཕུ་མ་བྱང་ཐང་དུ་ཤེས་ལྡན་པ་སེམས་ཆགས་དཀའ་པོ་ཡོད། འོན་ཀྱང་ད་ཆ་འབད་འཐབ་བྱེད་མཁན་གཅིག་རྗེས་གཉིས་མཐུད་ངང་འོང་བཞིན་ཡོད་ཅིང་། ཤང་ཡོངས་ཀྱི་ལས་བྱེད་པའི་གྲུབ་ཆ་ནས་བལྟས་ན་རྒྱ་བོད་མི་རིགས་གཉིས་ཀས་བསྡུར་ཚད་ཀྱི་ཕྱེད་ཀ་ཙམ་བཟུང་ཡོད་པ་དང་ཁོང་ཚོའི་ཆ་སྙོམས་ལོ་ཚད་30ཡོལ་ཙམ་ཡིན་པ་རེད། ཧུའུ་ནན་གྱི་ཕོ་གསར་ཀྲང་ཀྲིན་ཆིའུ་ནི་གཞི་རིམ་དུ་སྦྱོང་བརྡར་བྱེད་པར་རང་འགུལ་གྱིས་རེ་ཞུ་བྱས་ནས་ཡོང་བ་ཞིག་ཡིན་པ་དང་། ཕ་ཡུལ་ནང་སོག་ནས་ཡིན་པའི་ཧའོ་ཡུས་ཀྱིས་སྤྱི་ལེ་3000ལྷག་ཙམ་གྱི་ས་ནས་གངས་ལྗོངས་ས་མཐོར་ཡོང་ཡོད། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་དབང་ཕྱུག་གིས་ཤང་ཏང་ཨུད་ཚན་ཁག་གི་སྣེ་ཁྲིད་དེ་ཤང་ཡོངས་ཀྱི་མཚེར་ས་ཚང་མ་དང་མཐའ་མཚམས་ཀྱི་ས་མཚམས་ཡོངས་སུ་བསྐྱོད་མྱོང་། ཏང་ཡོན་274ཡོད་པ་ནི་འོད་དུ་འཚེར་བའི་སྐར་མ་རེ་རེ་དང་འདྲ་བར་འབྲོག་པ་མང་ཚོགས་ལ་དྲོ་སྐྱིད་དང་འོད་སྣང་སྦྱིན་བཞིན་ཡོད།

    འདི་གར་འཚོ་བར་དཀའ་ངལ་ཡོད་མེད་སྐོར་སྐད་ཆ་འདྲི་སྐབས“དཀའ་ངལ་ལོས་ཡོད”ཅེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལན་འདེབས་ཀྱི་འདུག འོན་ཀྱང་དེའི་མཇུག་ཏུ“ང་ཚོ་ཏང་ཡོན་ལས་བྱེད་པས་དཀའ་སྡུག་དེ་འདྲ་མྱོང་མི་ཐུབ་ན། མང་ཚོགས་ཀྱི་སྣེ་ཁྲིད་དེ་མདུན་དུ་ཇི་ལྟར་སྐྱོད་ཐུབ་བམ”ཞེས་ལམ་སེང་སྐད་ཆའི་འཕྲོ་མཐུད་ནས་བརྗོད་ཀྱི་འདུག བབ་ཆགས་ཤིང་བློ་རྩ་བརྟན་པའི་གཏམ་འདི་ལས་ཏང་ཡོན་ལས་བྱེད་པའི་འགན་སེམས་དང་ལྷག་བསམ་ཟོལ་མེད་མཚོན་བཞིན་མཆིས།

    “སྡུག་པོ་མྱོང་གིན་དུས་ཚོད་སྐྱེལ་བ་ལས། ན་སོ་གཞོན་དུས་དཀའ་ངལ་ཁྱད་དུ་བསད་ནས་དོན་སྙིང་ལྡན་པའི་ལས་ཀ་བྱས་ན་ལེགས”ཞེས་པ་འདི་ནི་ཚང་མའི་ཐུན་མོང་གི་དད་སེམས་ཤིག་ཏུ་གྱུར། མཐའ་སྲུང་ཏང་ཚོགས་ཆུང་གི་ཁོངས་མིས་གཟའ་འཁོར་རེར་མཐའ་མཚམས་སུ་སྐོར་གཡེང་ཐེངས་རེ་བྱེད་ཀྱི་ཡོད་པ་དང་། ཐག་རིང་ཤོས་ཀྱི་སྐོར་གཡེང་མཐའ་མཚམས་ས་ཚིགས་སུ་ཕར་འགྲོ་ཚུར་འོང་བྱེད་པར་སྤྱི་ལེ་40ལྷག་ཙམ་འགྲོ་དགོས་ཀྱི་ཡོད། དགུན་ཁ་གངས་བབས་ནས་པུས་མོ་ཙམ་ལ་སླེབས་རུང་ཁོང་ཚོས་སྐོར་གཡེང་ཉིན་གཅིག་ཀྱང་ཆད་མྱོང་མེད། དགུན་དུས་དྲོ་སྐྱིད་སྦྱིན་པའི་ཞབས་ཞུའི་ཏང་ཚོགས་ཆུང་གིས་ལོ་ལྟར་དགུན་ཁ་མ་ཤར་གོང་དུད་ཚང་དུ་བསྐྱོད་ནས་དྲོད་ལེན་སྒྲིག་ཆས་ལ་ཞིབ་བཤེར་དང་དགུན་སྒྲོལ་དངོས་ཟོག་གྲབས་གསོག་བྱེད་ཀྱི་ཡོད། སུའི་ཁྱིམ་དུ་རྡོ་སོལ་འདང་གི་མེད་པ་དང་། སུའི་ཁྱིམ་གྱི་ལྷས་ར་བརྟན་དུ་གཏོང་དགོས་པ་སོགས་ལས་ཀ་ཆེ་ཆུང་གང་ཡིན་ཡང་གསལ་གསལ་ཐིང་ཐིང་ངེས་ཀྱི་ཡོད།

    འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་པ་ནི་བརྗིད་ཆགས་པའི་ས་མཐོའི་མུ་ཁྱུད་ཀྱི་རི་ཚོགས་ཁོ་ན་མིན་པར་མི་རབས་ནས་མི་རབས་བར་བརྟན་སྲུང་གིས་བསམ་པའི་མཐོ་ས་གཏོད་མཁན་དག་དེ་བས་ཀྱང་རེད། ཏང་ཡོན་ལས་བྱེད་པ་མི་རབས་ནས་མི་རབས་བར་གྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་གྱིས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་བ”བཅས་ཀྱི་དད་སེམས་བརྟན་པོར་སྲུང་བ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་མངགས་བཅོལ་ཟབ་མོ་ལག་ལེན་དུ་བསྟར་ནས་མཐའ་མཚམས་སུ་གཞི་ཚུགས་ཏེ། སེམས་ནུས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བར་འབད་བརྩོན་བྱེད་བཞིན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།