དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཁེར་གྷི་སི་ཐན་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ཤིང་ཞུའེ། ཆུས་སུང་། ཆུས་ཕེ།   |     སྤེལ་དུས།  2026-09-01

    པི་སི་ཁེག་ཏུ་ཕེབས་ནས་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་། ཟླ་8ཚེས་28ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་སྨྱན་སྦྱོར་ཐོག་སྤེལ་བའི་མཆན་བཀོད་རྩོམ་ཡིག་ནང་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད། རྒྱལ་ཁབ་གཉིས་པོས་རིག་གནས་དང་། ཡུལ་སྐོར། སྒྱུ་རྩལ། སྨྱན་སྦྱོར། རིག་མཛོད། གཞོན་ནུ། གནའ་རྫས་རྟོག་ཞིབ། འཕྲོད་བསྟེན་སོགས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་མི་ཆོས་རིག་གནས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་དམ་ཟབ་ཏུ་གཏོང་དགོས། གཞོན་ནུ་སློབ་མ་དེ་བས་མང་བ་ཕ་རོལ་རྒྱལ་ཁབ་ཏུ་ཟབ་སྦྱོང་བྱེད་པར་སྐུལ་ལྕག་བྱས་ཏེ་ས་གནས་དབར་གྱི་སྤེལ་རེས་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་ཁེར་གྷི་སི་ཐན་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་དམངས་སེམས་གཅིག་མཐུན་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱིས་མི་ཆོས་རིག་གནས་སྤེལ་རེས་ལས་དོན་ལ་ཧུར་ཐག་གཞོལ་ནས། མཉམ་ལས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་དང་སྤེལ་རེས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཞིང་། སློབ་སྦྱོང་དང་མིག་ལྟོས་བྱེད་རེས་ཁྲོད་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ཤེས་དཔལ་ལ་བཀྲག་མདངས་གསར་པ་འཚེར་ནས། རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།

    མཉམ་འབྲེལ་ཐོག་གནའ་རྫས་རྟོག་ཞིབ་བྱས་ནས་དར་གོས་ལམ་བུའི་དྲན་ཤེས་མཉམ་དུ་སྲུང་བ།

    པི་སི་ཁེག་གི་ཨ་ལ་ཐའོ་ཐང་ཆེན་དུ་གནས་པའི་ཁེར་གྷི་སི་ཐན་གྱི་རྒྱལ་ཁབ་ལོ་རྒྱུས་རྟེན་མཛོད་ཁང་ནི་ཨེ་ཤེ་ཡ་དབུས་མའི་རྟེན་མཛོད་ཁང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ཟླ་8ཚེས་18ཉིན། “མཐུན་སྦྱོར་མཛེས་སྡུག་ལྡན——ཀྲུང་ཧྭའི་གནའ་བོའི་ཤེས་དཔལ་སྒྱུ་རྩལ་འགྲེམས་སྟོན”དེ་གར་འགོ་ཚུགས་པ་རེད། ཀྲུང་གོའི་ཐེན་ཅིན་རྟེན་མཛོད་ཁང་དང་། ནང་སོག་རྟེན་མཛོད་ཁང་། ཁེར་གྷི་སི་ཐན་གྱི་རྒྱལ་ཁབ་ལོ་རྒྱུས་རྟེན་མཛོད་ཁང་བཅས་ཁང་གསུམ་དུ་ཉར་ཚགས་བྱས་པའི་རྩ་ཆེའི་འགྲེམས་རྫས་153འགྲེམས་སྟོན་བྱས་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་གི་དར་གོས་ལམ་བུའི་ཤེས་དཔལ་གྱི་ལོ་རྒྱུས་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།

    2018ལོར་ཧྲའན་ཤིས་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཁེར་གྷི་སི་ཐན་རྒྱལ་ཁབ་ཚན་རིག་ཁང་གི་ལོ་རྒྱུས་དང་། གནའ་རྫས་རྟོག་ཞིབ། མི་རིགས་རིག་པ་བཅས་ཞིབ་འཇུག་སུའོ་ཡིས་ཁེར་གྷི་སི་ཐན་མངའ་ཁོངས་ཀྱི་ཧུང་ཧོ་གནའ་གྲོང་གི་རྗེས་ཤུལ་དུ་མཉམ་དུ་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་ཞིང་། གནའ་རྫས་རྟོག་ཞིབ་མཉམ་འབྲེལ་རུ་ཁག་གིས་རྒྱང་ཚོར་བརྟག་དཔྱད་དང་། གནའ་རྫས་རྩད་ཞིབ། ཞིང་ཐང་སྔོག་འདོན། ཚན་རྩལ་གནའ་རྫས་རྟོག་ཞིབ་སོགས་ཀྱི་ལས་དོན་སྤེལ་ནས་ཧུང་ཧོ་གནའ་གྲོང་རྗེས་ཤུལ་གྱི་གྲོང་ཁྱེར་བར་མཐོངས་ཀྱི་བཀོད་པ་དང་ཁྲུའུ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་སྣ་མང་རིག་གནས་སྤེལ་རེས་སོགས་འཚོལ་ཞིབ་བྱེད་པའི་དཔྱོད་དོན་ཐད་ཚད་བརྒལ་གསར་པ་བྱུང་ཡོད། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་དེ་དག་ནི་གནའ་རབས་ཀྲུང་གོའི་ཀྲུང་ཡོན་ས་ཁུལ་དང་ཨེ་ཤེ་ཡ་དབུས་མའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་ར་སྤྲོད་བྱས་པ་རེད།

    སྐད་ཡིག་སྦྲེལ་ཟམ་དུ་བྱས་ནས་སྤེལ་རེས་འགྲོ་འོང་ལ་སྤུས་འདེགས་རིམ་སྤོར་བྱས་པ།

    ཟླ་8ཚེས་25ཉིན། ཀྲུང་གོ་ཞིབ་འཇུག་སློབ་མའི་རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་དཔེ་མཚོན་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་ནུབ་བྱང་དགེ་འོས་སློབ་ཆེན་གྱིས་གཉེར་འགན་ཁུར་བ་དང་ཁེར་གྷི་སི་ཐན་རྒྱལ་བཙུགས་མི་རིགས་སློབ་ཆེན་གྱིས་གཉེར་རོགས་བྱས་པ་ཞིག་རེད། དེ་ནི་འགྲན་བསྡུར་ཆེན་པོ་དེ་ལོ་གསུམ་གཉེར་རིང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་གཉེར་ཐེངས་དང་པོ་རེད། ཁེར་གྷི་སི་ཐན་དང་ཧ་སག་སི་ཐན་གྱི་མཐོ་སློབ་མང་པོའི་སློབ་མ་ལས་གྲུབ་པའི་རུ་ཁག་6འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཁེར་གྷི་སི་ཐན་དུ་རྒྱ་ཡིག་སྦྱོང་བའི་ཚ་རླབས་རྒྱུན་མཐུད་འཕྱུར་ནས། 2025ལོར་རྒྱ་སྐད་ཆུ་ཚད(HSK)ཀྱི་རྒྱུགས་སྤྲོད་སློབ་མའི་མི་གྲངས་2021ལོ་ལས་ལྡབ་3འཕར་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་དུ་ཁུང་ཙིའི་སློབ་གླིང་4དང་ཁུང་ཙིའི་སློབ་ཁང་21བཙུགས་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་རྒྱལ་སྒྲོལ་དྲ་ཚོང་གི“དར་གོས་ལམ་བུའི་སློབ་གླིང”སོགས་ཐོན་སློབ་མཉམ་འདྲེས་རྣམ་གྲངས་ལག་ལེན་བསྟར་ཏེ། ས་གནས་དེ་གའི་དམངས་ཚོགས་ཀྱིས་རྒྱ་ཡིག་དང་ཆེད་ལས་རྩལ་ནུས་སྦྱོང་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།

    ཐོན་སློབ་མཉམ་འདྲེས་ཀྱིས་ཕུགས་འདུན་བཏོད་ནས་འབྱུང་འགྱུར་ལ་ཕྱོགས་པ།

    2024ལོར་ཁེར་གྷི་སི་ཐན་གྱི་ལུའུ་པན་བཟོ་ཁང་བསྐྲུན་ཞིང་། དེ་ནི་ཀྲེ་ཅང་ཆུ་བེད་ཆུ་གློག་སློབ་གླིང་གིས་སྣེ་ཁྲིད་དེ་ཀྲེ་ཅང་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་ཁེར་གྷི་སི་ཐན་རྒྱལ་བཙུགས་ལག་རྩལ་སློབ་ཆེན་གྱིས་མཉམ་ལས་བྱས་ནས་བསྐྲུན་པ་ཞིག་རེད། དངོས་སྦྱོང་ཚོད་ལྟ་ཁང་15ཡི་ནང་ཆུ་བེད་དང་། གློག་ཤུགས། རིག་ནུས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། རིག་ལྡན་སློབ་ཁང་གསུམ་གྱིས་ཀྲུང་གོའི་མཐོ་སློབ་དང་ཁེ་ལས་དང་སྦྲེལ་མཐུད་བྱས་ནས་སློབ་མར་དྲ་ཐོག་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།

    ཀྲེ་ཅང་ཆུ་བེད་ཆུ་གློག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆན་ཐན་གོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཉིས་སོང་རིང་། ལུའུ་པན་བཟོ་ཁང་གིས་རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཤེས་ལྡན་པ་མི་ཐེངས་6000ལྷག་ཙམ་ལ་གསོ་སྐྱོང་དང་གསོ་སྦྱོང་བྱས་པ་དང་སློབ་ཐོན་སློབ་མ་འབོར་ཆེན་ཞིག་ལྗང་མདོག་གློག་ཤུགས་དང་། ཆུ་བེད་ལས་གྲྭ འགྲོ་ལམ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་ལས་ཀ་བྱེད་ཀྱི་ཡོད་པ་རེད།

    འབྱུང་འགྱུར་ལ་ཕྱོགས་ཏེ་ལྗང་མདོག་གཏེར་རྫས་དང་། ནུས་རྒྱུ་གཙང་མ། མི་ཐབས་རིག་ནུས་སོགས་ཁེར་གྷི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་ཁྱབ་ཁོངས་ལ་དམིགས་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་མཐོ་སློབ་དང་ཁེ་ལས་སོགས་མཉམ་དུ་ཞུགས་པའི་ཐོན་སློབ་མཉམ་འདྲེས་ལམ་སྲོལ་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད། 


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།