བྱེད་ཐབས་སྣ་མང་སྤྱད་དེ་དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས།
ཟླ་7ཚེས་30ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག“བྱེད་ཐབས་སྣ་མང་སྤྱད་དེ་དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ‘རྒན་གཅིག་གཞོན་གཅིག’གི་ཞབས་ཞུ་འགན་སྲུང་ལ་དམ་འཛིན་ཡག་པོ་བྱས་ནས་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས‘བྱང་གསུམ’འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་ཡོད།
ད་ལོ་ནས་བཟུང་ལས་ཞུགས་དང་། རྒན་གསོ། བུ་བཅོལ། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་མང་པོ་བཏོན་པས་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་གནོད་འཚེའི་འགན་སྲུང་ཚོད་ལྟའི་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་མགྱོགས་མྱུར་དོན་འཁྱོལ་བྱུང་བ། ཀུན་ཕན་བུ་བཅོལ་ཞབས་ཞུ་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་དམངས་འཚོ་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་ཚར་དུས་མེད། གོམ་སྟབས་རྗེས་མར་དམངས་འཚོའི་ལས་དོན་གྱི་ཤུགས་རྒྱག་ས་དེ་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུའི་ཐད་གཙོ་བོར་འཇོག་དགོས།
དུས་མཚམས་གོང་མར་ཧྲང་ཧའེ་ཡི་གསར་དར་ཀ་རྟེན་ཐོན་ལས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཐོག་ལས་གནས་ཁྲི་2.5ལྷག་ཙམ་མཁོ་འདོན་བྱས་པ་དང་ཉིན་དེར་ཁྱོན་མི་ཐེངས་8600ཙམ་གྱི་ཡིད་དབང་བཀུག་ཡོད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས། ད་ལོ་ལས་གནས་བརྟན་དུ་དང་། མང་དུ། སྤུས་ཚད་ལེགས་སུ་བཅས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས་ཕྱི་ཕྱོགས་ཚོང་དོན་དང་། ཨར་སྐྲུན། ཞག་སྡོད་བཟའ་བཏུང་སོགས་ངལ་རྩོལ་འདུས་ཆེའི་ལས་རིགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལས་ཞུགས་ལས་གནས་བརྟན་དུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། རྩེར་སོན་བཟོ་སྐྲུན། དེང་རབས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་རིང་ལས་གནས་མང་དུ་གཏོང་བ། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་ལེགས་སྒྲིག་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་འགན་སྲུང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་སོགས་བྱས་ཏེ་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རིང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཁ་ཕྱོགས་གསལ་པོ་བཟོས་ཟིན་པས་འགག་རྩ་ནི་བཀོད་སྒྲིག་དེ་ཁེ་ལས་དང་ངལ་རྩོལ་པས་ཚོར་ཐུབ་པའི་འབྲས་བུར་འགྱུར་བར་བྱ་རྒྱུ་དེ་རེད། ཐོན་ལས་སྲིད་ཇུས་དང་མ་འཇོག་རྣམ་གྲངས་ལ་ལས་ཞུགས་ཀྱི་རྩིས་མང་ཙམ་རྒྱག་དགོས་པ་དང་། རྩལ་ནུས་གསོ་སྦྱོང་བྱེད་པར་ཁེ་ལས་ཀྱི་དགོས་མཁོར་དམིགས་པ། ལས་ཞུགས་ཞབས་ཞུ་དེ་སློབ་གྲྭ་ནས་ཁ་མ་བྲལ་གོང་དང་ཁ་བྲལ་རྗེས་ཚང་མར་ཁྱབ་པར་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཐད་རོགས་རམ་བྱེད་དགོས་ལ། ཐོན་ལས་ཀྱི་འགྱུར་ལྡོག་དང་འཚམ་པའི་ནུས་པའང་ཆེ་རུ་གཏོང་དགོས།
ངལ་རྩོལ་གྱི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པས་ཁེ་དབང་འགན་སྲུང་ལའང་འགྱུར་ལྡོག་གཏོང་དགོས། ཟླ་7ཚེས་1ཉིན་ནས་བཟུང་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་གནོད་འཚེའི་འགན་སྲུང་ཚོད་ལྟ་བྱ་ཡུལ་དེ་རྒྱལ་ཡོངས་བར་རྒྱ་སྐྱེད་བཏང་ཡོད། ལས་རིགས་གནོད་འཚེའི་འགན་སྲུང་ལམ་ལུགས་ཀྱིས“ཉིན་གྲངས་གཞིར་བཟུང་འགན་བཅོལ་ནང་ཞུགས་པ་དང་། མངགས་ཐོ་ལྟར་གྲོན་དངུལ་བརྩི་བ། ཟླ་རེར་གྲོན་དངུལ་འཇལ་བ། གཅིག་སྡུད་ཐོག་འགན་བཅོལ་ནང་ཞུགས་པ་དང་འགན་སྲུང་བྱེད་པ”བཅས་ཀྱི་བྱེད་སྟངས་སྤྱད་དེ་ལས་ཞུགས་རྣམ་པ་གསར་པའི་མི་སྣ་ལས་རིགས་གནོད་འཚེའི་འགན་སྲུང་ཁྱབ་ཁོངས་སུ་བཅུག་ཡོད།
རྒན་འཕྲོད་ཅན་དང་བྱིས་འཕྲོད་ཅན་གྱི་སྒྱུར་བཀོད་བྱས་པ་བརྒྱུད། བེད་མེད་དུ་ལུས་པའི་ས་ཆ་མི་རབས་གཉིས་ཀྱི་ཉིན་མོའི་ལྟ་སྐྱོང་བྱ་ཡུལ་ལ་འགྱུར་ཡོད། སྡེ་ཁུལ་དུ་ཞབས་ཞུ་བསྒྲུབས་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཐུབ་པ་མ་ཟད། རྒན་གསོ་དང་། བུ་བཅོལ། ཁྱིམ་ལས་སོགས་ཞབས་ཞུའི་འཛད་སྤྱོད་དང་ལས་ཞུགས་ཀྱི་བར་མཐོངས་ཀྱང་རྒྱ་ཆེར་གཏོང་ཐུབ།
“རྒན་རྒོན་དང་བྱིས་པར་མཉམ་དུ་ལྟ་རྟོག་བྱེད་པ”ཞེས་པ་ནི་རྒན་གསོ་ཁང་དང་བུ་བཅོལ་ཁང་གཉིས་སྟབས་བདེའི་ངང་མཉམ་འདྲེས་བྱེད་པ་ཞིག་མིན། མཉམ་སྤྱོད་བྱ་ཡུལ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་མ་གནས་དམའ་རུ་གཏོང་ཆོག་ཀྱང་ཆེད་ལས་ཀྱི་ལྟ་སྐྱོང་དང་། བདེ་འཇགས་ཀྱི་ཚད་གཞི། མི་སྣ་བཀོད་སྒྲིག་བཅས་ཀྱི་བླང་བྱ་དམའ་རུ་གཏོང་མི་ཆོག ཚོང་དོན་པུའི་ཞིབ་འཇུག་ཁང་གི་འགྲོ་རྒྱུག་དང་འཛད་སྤྱོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཅང་ཀྲའོ་ཡིས་ཀུན་ཕན་རང་བཞིན་གྱི་ཞབས་ཞུའི་མཁོ་སྤྲོད་ཀྱི་ཞན་ཆ་ཡག་པོ་བསལ་ནས་རྒན་གསོ་དང་བུ་བཅོལ་སོགས་དམངས་ཕན་ཞབས་ཞུར་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་སྟེ་ཁྱིམ་ཚང་གི་འཚོ་བའི་མ་གནས་དམའ་རུ་གཏོང་བ་དང་གྲོང་མིའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས་ཞེས་བཤད་པ་རེད།
ཟླ་7པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཚད་གཞི་འབྲིང་གྲས་ཀྱི་ངལ་ནུས་ཤོར་བའི་རྒན་རྒོན་ཁྲི་200ཙམ་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་ཀྱི་ཕན་པ་ཐོབ་ཡོད། དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ད་ཡོད་ཀྱི་ལས་ཀའི་རྨང་གཞིར་གཞི་ཚུགས་ནས་རྣམ་གྲངས་དེ“དམིགས་སར་འཁྱོལ་ནས་ཕན་འབྲས་ཐོན་པ”ནས“སྤུས་ཚད་མཐོ་རུ་དང་ཕུལ་བྱུང་གཏོད་པའི”ཕྱོགས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཆ་རྐྱེན་དང་འཚམ་པའི་རྒན་རྒོན་གྱིས་འཛད་སྤྱོད་འཛིན་ཤོག་ལེན་ཐུབ་པ་མ་ཟད། བེད་སྤྱོད་ཀྱང་ཡག་པོ་གཏོང་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།
ཟླ་7ཚེས་1ཉིན་ནས་བཟུང་། ལག་བསྟར་བྱས་པའི་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ནང་མ་མཐའི་འཚོ་བའི་འགན་སྲུང་གི་མཐར་ལུས་ཁྱིམ་ཚང་དང་མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ་རོགས་སྐྱོབ་དེ་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་། ཆེད་དོན་སྤྱི་ཚོགས་རོགས་སྐྱོབ། ཉེན་ཚབས་ཆེ་བའི་སྤྱི་ཚོགས་རོགས་སྐྱོབ་བཅས་ལ་དབྱེ་བ་དང་འབྲེལ་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ལས་སྟེགས་འཛུགས་པར་ཤུགས་སྣོན་རྒྱག་རྒྱུ་ཁ་གསལ་བཏོན་ནས་ཡོང་འབབ་དམའ་བའི་མི་འབོར་གནད་སྨིན་དབྱེ་འབྱེད་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོབ་དང་རོགས་སྐྱོར་ཐུབ་པ་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་ཀྱི་དོ་དམ་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།