ཟླ་དང་པོ་ནས་བདུན་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་17.6%འཕར་བ།
གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་6.5%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་17.6%འཕར་ཞིང་། ཟླ་7པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་11.2%འཕར་ཡོད།
གློག་རྡུལ་དང་འབྲེལ་བའི་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་བདུན་པའི་བར་གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ་1.1འཕར་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་9.3འཕར་རྒྱུར་སྐུལ་ཁྲིད་བྱས་ཤིང་། དེའི་ནང་རྩིས་ནུས་ཉིང་ལྷེབ་དང་གསོག་འཇོག་ཉིང་ལྷེབ་ཀྱིས་མཚོན་པའི་འདུས་གྲུབ་གློག་ལམ་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ་18.5འཕར་ནས། གློག་རྡུལ་ལས་རིགས་ཡོངས་ཀྱི་ཁེ་སྤོགས་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཡོད།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་ཅིང་། ཟླ་དང་པོ་ནས་བདུན་པའི་བར་བཟོ་སྐྲུན་ལས་རིགས་དེ་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་ཁྲོད་ཀྱི་འབྲིང་གྲས་དང་མཐོ་གྲས་ཀྱི་ཕྱོགས་སྒྱུར་རྣམ་པར་སྐུལ་འདེད་རྒྱུན་མཐུད་བཏང་བ་དང་། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་50.1%འཕར་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་9.6འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།
མ་བཅོས་རྒྱུ་ཆའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་བདུན་པའི་བར། གཞི་ཁྱོན་ཡན་གྱི་མ་བཅོས་རྒྱུ་ཆའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་55.2%འཕར་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་7.1འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ལས་རིགས་ཀྱི་ཐད་ནས་བལྟས་ན། མདོག་ལྡན་དང་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་91.8%དང་56.6%སོ་སོར་འཕར་བ་དང་། རྡོ་སྣུམ་ལས་སྣོན་ལས་རིགས་ལ་ཁེ་སྤོགས་སྤྱི་འབོར་སྒོར་དུང་ཕྱུར་422.1མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།