བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གེགས་ཁུལ་དུ་མདུན་སྐྱོད་བྱེད།
—— བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་རོགས་སྐྱོབ་བྱ་ཡུལ་གྱི་མཐོང་ཐོས།
ཟླ་8ཚེས་30ཉིན་གྱི་ཆུ་ཚོད་8པར་བོད་ལྗོངས་སྐྱིད་གྲོང་དུ་ཆར་པ་སིམ་སིམ་བབས།
“མདུན་དུ་སྐྱོད་ཅིག མདུན་དུ་སྐྱོད་ཅིག ད་ལས་ཀ་བྱས་ན་འགྲིག་པ་འདུག”ཅེས་འཕྲུལ་འཁོར་གཏོང་མཁན་ཧོང་ཀྲེང་ཐེན་གྱི་ལག་ནང་གི་ཁ་པར་ནས་ལས་སྒྲུབ་བྱ་ཡུལ་གྱི་བཀོད་སྒྲིག་བཀའ་བཀོད་འབྱོར་ཅིང་། ཁོང་དང་འཐབ་གྲོགས་ཚོའི་ཉིན་དེའི་ལས་འགན་ནི་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་དུ་གཏོར་སྐྱོན་ཕོག་པའི་ལམ་དུམ་མགྱོགས་མྱུར་བཤངས་ནས་གནོད་འཚེ་ཕོག་ཡུལ་དུ་སྐྱོད་སའི་རོགས་སྐྱོབ་འགྲོ་ལམ་ཞིག་ཤར་གཏོང་བྱ་རྒྱུ་དེ་རེད།
འདི་ནི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་སྐྱིད་གྲོང་གི་ཆུ་རུད་གེགས་ཁུལ་དུ་བསྐྱོད་ནས་རོགས་སྐྱོབ་ལས་སྒྲུབ་བྱེད་པའི་ཉིན་ལྔ་པ་དེ་རེད།
ཟླ་8ཚེས་29ཉིན་གྱི་སྔ་དྲོར། འཕྲལ་མྱུར་རོགས་སྐྱོར་བྱེད་དགོས་པའི་བཀའ་འབྱོར་རྗེས། དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཅིག་གིས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་རོགས་སྐྱོབ་སྒྲིག་ཆས་ཆེ་གྲས་མང་པོ་ཁྱེར་ནས་མཚན་མོར་གེགས་ཁུལ་ལ་བསྐྱོད་ཡོད།
སྐྱིད་གྲོང་འགག་སྒོའི་གེགས་སེལ་བྱ་ཡུལ་དུ་ཉེན་ཟོན་པ་ལི་ཅིན་ཁྲུང་གིས་འཐབ་གྲོགས་ཚོ་དང་མཉམ་དུ་ས་ཡུལ་དངོས་སུ་ཉེན་ཟོན་དང་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་ཡོད། “ང་ཚོ་ནི་མི་དམངས་བུ་ཕྲུག་དམག་ཡིན་པས་གདོང་མཆོང་བྱེད་དགོས། ཉེན་ཁ་གང་དུ་ཡོད་ན་ང་ཚོ་དེ་གར་འགྲོ་དགོས”ཞེས་ཉེན་ཟོན་པ་ལི་ཅིན་ཁྲུང་གིས་གསར་འགོད་པར་བརྗོད།
གསར་འགོད་པའི་རྒྱབ་ཀྱི་ཐག་མི་རིང་བའི་སར་ཧོང་ཀྲེང་ཐེན་གྱིས་གཟབ་གཟབ་ནན་ནན་གྱིས་སྔོག་འཕྲུལ་བཏང་ནས་མདུན་དུ་སྐྱོད་བཞིན་ཡོད། འཕྲུལ་འཁོར་འདམ་རྫབ་བརྒྱུད་ནས་འགྲོ་སྐབས་འདམ་བག་གང་སར་འཐོར་ཞིང་། འཁོར་རྗེས་གཏིང་རིང་པོར་བཞག
ཟླ་8ཚེས་30ཉིན་གྱི་ཆུ་ཚོད་14བར། དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཅིག་གི་དཔོན་དམག་ཚོས་འགྲོ་ལམ་སྨི་200ལྷག་ཙམ་རྒྱ་ཆེར་བཏང་ནས་ཆུ་རུད་ཀྱི་འདམ་རྡོ་སྨི་རྒྱ་དཔངས་གྲུ་བཞི་3000ལྷག་ཙམ་གཙང་སེལ་བྱས་ཡོད།
འཐབ་ས་དང་པོར་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། རོགས་སྐྱོར་གྱི་སྟོབས་ཤུགས་ཀྱང་གཅིག་ཏུ་སྒྲིལ་བཞིན་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། སྐྱིད་གྲོང་འགག་སྒོའི་ཉེན་སེལ་རྒུད་སྐྱོབ་ལས་འགན་གྱི་བཀའ་རྒྱ་གཞིར་བཟུང་། ཟླ་8ཚེས་30ཉིན་གྱི་སྔ་དྲོ། བོད་དམག་ཁུལ་ཁང་གིས་མངགས་གཏོང་བྱས་པའི་སྨན་བཅོས་རིམས་འགོག་ཡན་ལག་རུ་ཁག་གིས་སྒྲིག་ཆས་དང་ཡོ་ཆས་40ལྷག་ཙམ་དང་རིམས་འགོག་སྨན་ཁབ་དང་དེ་བཞིན་དུག་སེལ་སྨན་རྫས་དང་ཡོ་ཆས་སོགས་400ལྷག་ཙམ་ཁྱེར་ཏེ་དམིགས་བསལ་རླངས་འཁོར་སྣ་ཚོགས་7བཏང་ནས་སྐྱིད་གྲོང་འགག་སྒོར་ཛ་དྲག་ངང་སྐྱོད་བཞིན་ཡོད། སྨན་བཅོས་རིམས་འགོག་ཡན་ལག་རུ་ཁག་གི་རུ་དཔོན་ལི་གོ་ཁའེ་ཡིས་གསར་འགོད་པར་ཡན་ལག་རུ་ཁག་ལ་སྔོན་ཚུད་ནས་བཀའ་རྒྱ་འབྱོར་རྗེས་འཕྲལ་མར་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་དང་འབྲེལ་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་ནས་དམིགས་སའི་རང་བཞིན་གྱི་ཆེད་ལས་གསོ་སྦྱོང་སྒྲིག་འཛུགས་བྱས་པ་དང་། ས་ཡུལ་དངོས་ཀྱི་མྱུར་སྐྱོབ་དང་། ཞིབ་དཔྱད་ཚད་ལེན། དུག་སེལ་གྱི་སྨན་རྫས་དང་སྒྲིག་ཆས་སོགས་ཁ་གསབ་བྱས་ཡོད་ཅེས་བརྗོད།
གནོད་འཚེ་རྦད་དེ་མ་བསལ་བར་རོགས་སྐྱོབ་མཚམས་མི་འཇོག
ཉིན་ཤས་བསྟུད་མར་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱེད་བཞིན་ཡོད་ཅིང་། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་གཞིས་རྩེ་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་གནོད་འཚེ་ཕོག་ཁུལ་ལྟེ་བར་རྒྱུན་མཐུད་བསྐྱོད་དེ་འགྲོ་ལམ་གཙང་སེལ་དང་། མི་སྣ་འཚོལ་སྐྱོབ། མངོན་མེད་རྐྱེན་ངན་གྲལ་བཤེར། རིམས་ནད་སྔོན་འགོག་ཚོད་འཛིན་བཅས་བྱས་ནས་སྐམ་སའི་རོགས་སྐྱོབ་ཀྱི་འགྲོ་ལམ་མྱུར་བཟོ་བྱེད་བཞིན་ཡོད། བོད་དམག་ཁུལ་ཁང་སྐམ་དམག་མཁའ་འགྲུལ་སྟོང་ཤོག་ཅིག་གིས་གནོད་འཚེ་ཕོག་ཁུལ་དུ་ཐད་འཕུར་གནམ་གྲུ་ཐེངས་མང་བཏང་ནས་རྒུད་སྐྱོབ་དངོས་ཟོག་བསྐྱལ་ཏེ་མཁའ་ཐོག་ནས་མཁོ་སྤྲོད་བྱ་ཡུལ་བཏོད་ཡོད། འཕྲོད་བསྟེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་སྟོབས་ཤུགས་ཁག་གིས་ཀྱང་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་སྐོར་སྐྱོད་སྨན་བཅོས་དང་། དངོས་ཟོག་ཁ་གསབ། ཁོར་ཡུག་དུག་སེལ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་བཞིན་ཡོད།
མིག་སྔར་མི་སྣ་འཚོལ་སྐྱོབ་དང་གཙོ་གནད་ཉེན་ཁ་གྲལ་བཤེར་སོགས་རོགས་སྐྱོབ་བྱ་སྤྱོད་སྔར་བཞིན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།