དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ།

    ​མང་ཚོགས་499ཚང་མ་བདེ་འཇགས་ངང་ཕྱིར་འཐེན་དང་བཀོད་སྒྲིག་བྱས་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-01

    ཚེས་30ཉིན། གསར་འགོད་པར་སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་གནོད་འཚེའི་ཐོག་མའི་འབྱུང་ཁུངས་ནི་ཀྲུང་གོ་དང་ནེ་པ་ལའི་ས་མཚམས་ཀྱི་གཙང་པོ་རྒྱུག་ཁུལ་གྱི་ནེ་པ་ལའི་ཕྱོགས་སུ་ཡིན་པ་དང་། ཉིན་དེའི་ཆུ་ཚོད་10དང་སྐར་མ་52ཙམ་ལ་ནེ་པ་ལའི་མངའ་ཁོངས་ཀྱི་ལན་ཐང་ལི་རང་རི་བོའི་བྱང་ངོས་ཀྱི་འཁྱགས་རོམ་ཞིག་ས་བབ་མཐོ་ཚད་སྨི་5200ཙམ་གྱི་མཚམས་ནས་ཉིལ་ཏེ། སྨི་4000ཙམ་བར་དུ་ཤུགས་ཀྱིས་ཟགས་པ་དེ་རི་ལྡེབས་ལ་བརྡབས་ནས་ཆུ་རུད་ཧ་ཅང་ཆེན་པོ་ཐོན་པ་དང་། ཕུ་རི་ཕུ་བྱང་གཙང་པོ་དང་ཏུང་ལིང་གཙང་པོའི་རྒྱུད་ནས་སྤྱི་ལེ་22ཙམ་ཤུགས་དྲག་ཆེན་པོས་བཞུར་རྗེས་ས་བབ་སྨི་1800ཙམ་ཟིན་པའི་རང་རྒྱལ་གྱི་སྐྱིད་གྲོང་འགག་སྒོར་སླེབས་ནས། ས་ཁོངས་དེའི་སྤྱི་ལེ་གྲུ་བཞི་མ་0.7དང་སྐྲུན་དངོས་27 དེ་བཞིན་ཞོར་གཏོགས་ཀྱི་སྒྲིག་ཆས་ཚང་མ་ཤུལ་མེད་དུ་བཏང་བ་དང་། འགྲོ་ལམ་དང་། འཕྲིན་གཏོང་། གློག་ཤུགས་བཅས་ཚང་མ་ཆད་པ་རེད། ད་ཐེངས་ཀྱི་གནོད་འཚེ་ནི་ཡུན་རིང་གནམ་གཤིས་དྲོ་རུ་སོང་རྗེས་འཁྱགས་རོམ་བཞུར་བ་ལས་བྱུང་བ་ཞིག་ཡིན་ཞིང་། གཏོར་བཤིག་ཐེབས་ཚབས་ཆེ་བ་དང་ཤུགས་རྐྱེན་ཐེབས་རྒྱ་ཆེན་པོ་ཡོད་པ་རེད།

    གནོད་འཚེ་ཐོན་རྗེས་ཕྱོགས་ཁག་གིས་བཀའ་འབྱོར་འཕྲལ་སྒྲུབ་དང་མགྱོགས་མྱུར་དེ་གར་གཅིག་སྡུད་བྱས་ཡོད། མིག་སྔར་རོགས་སྐྱོབ་སྟོབས་ཤུགས་ཀྱིས་གཙོ་བོ་ཕྱོགས་གསུམ་ནས་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་སྟེ། ཤར་ངོས་ཀྱི་ལ་བི་གྲོང་ཚོ་ནས་ཐག་པ་གློད་དེ་མེ་གསོད་རོགས་སྐྱོབ་མི་སྣ་70ལྷག་ཙམ་རྒྱལ་སྒོའི་ལྟེ་བའི་ས་ཁོངས་སུ་འཚོལ་སྐྱོབ་ལ་བཏང་བ་དང་། བྱང་ངོས་ནས་G216བརྒྱུད་རོགས་སྐྱོབ་བགྲོད་ལམ་མགྱོགས་མྱུར་བཤངས་ཏེ་ལམ་རྒྱུད་ནས་སྲོག་ཉེན་ལས་ཐར་བའི་མི་སྣ་དང་འབྲེལ་བ་ཆད་པའི་མི་སྣ་འཚོལ་ཞིབ་བྱས་པ། བོད་དམག་ཁུལ་ཁང་གི་ཐད་འཕུར་གནམ་གྲུ་གཉིས་རྒྱལ་སྒོའི་ལྟེ་བའི་ཁུལ་དུ་འཕུར་ནས་མི་སྣ་དང་དངོས་ཟོག་སྐྱེལ་འདྲེན་དང་ཕུང་པོ་བརྒྱུད་འདྲེན་སོགས་ཀྱི་ལས་དོན་སྤེལ་ཡོད་པ་རེད། ཚེས་30ཉིན་གྱི་ཆུ་ཚོད་6པའི་བར་རྐྱེན་ལམ་དུ་ཤོར་མཁན་ཁག་གཅིག་གི་ཕུང་པོ་གསར་དུ་རྙེད་ཀྱང་སྲོག་ཉེན་ལས་ཐར་མཁན་ད་དུང་ཤེས་རྟོགས་ཐུབ་མེད་པ་རེད།

    མང་ཚོགས་བཀོད་སྒྲིག་ཐད། ཆུ་རུད་ཀྱི་གནོད་འཚེ་དང་འབྲེལ་བ་ཡོད་པའི་གྲོང་ཚོ་5ཡི་མང་ཚོགས་499ཚང་མ་བཀོད་སྒྲིག་བྱ་ཡུལ་5རུ་བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་། རིམ་རྩིས་བརྒྱབ་ན་རྩམ་པ་དང་གྲོ་ཞིབ་སོགས་དངོས་ཟོག་ཏུན་116དང་། སྟབས་བདེའི་ཐུག་པ་དང་ཆུ་སོགས་སྒམ་ཁྲི་3.2ལྷག་ཙམ། གུར་དང་། གྱོན་ཆས། ཉལ་ཆས་སོགས་ཆ་ཚང་ཁྲི་5.7ལྷག་ཙམ་སྤྲད་པ་མ་ཟད། སེམས་ཁམས་ཁྲིད་སྟོན་དང་ཐོན་སྐྱེད་རྒྱུ་ཆ་བཅོལ་ཉར་བྱས་པས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།

    གཞན་ཡང་འབྲེལ་བ་ཆད་པའི་ཕྱི་རྒྱལ་བ་261ལ་གྲལ་བཤེར་བྱས་ནས་ཀྲུང་གོར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་ཁང་ལ་བརྡ་ཁྱབ་བཏང་ཡོད། སྐྱིད་གྲོང་རྫོང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ལུས་མེད་པ་རེད།

    ཡོངས་བསྒྲགས་ཚོགས་འདུར་ཆུ་ཚོད་24ཡི་ཞབས་ཞུའི་ཁ་པར་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ནང་གི་འབྲེལ་བ་ཆད་པའི་མི་སྣའི་ནང་མིར་ཞབས་འདེགས་ཞུ་བའི་ཁ་པར་ཨང་གྲངས། 0892-8980106དང་། 0892-8980107ཡིན། ཕྱི་རྒྱལ་གྱི་འབྲེལ་བ་ཆད་པའི་མི་སྣའི་ནང་མིར་ཞབས་འདེགས་ཞུ་བའི་ཁ་པར་ཨང་གྲངས། 0086-891—6817165དང་། 0086-18308026705ཡིན་པ་རེད། 


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།