དབུ་ཤོག>གསར་འགྱུར།
  • ཀུན་སེམས་གཅིག་སྒྲིལ་གྱིས་ཉེན་སེལ་རོགས་སྐྱོབ་ཀྱི་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ།

    ​—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ངལ་མཉམ་སེལ་བྱེད་པར་སྐུལ་མ་ཆེན་པོ་ཐེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-01

    ཟླ་8ཚེས་26ཉིན་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་ཐུགས་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་གནང་ནས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཟླ་8ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བརྗོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་ཉེན་སེལ་རོགས་སྐྱོབ་ཀྱི་གདེང་ཚོད་དང་ཆོད་སེམས་ཧ་ཅང་ཆེན་པོ་འཕེལ་ནས། ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགག་སྒྲོལ་དཀའ་སེལ་དང་རྒྱུན་མཐུད་འབད་འཐབ་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་གི་ཡིན།

    “ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། སེམས་གཏིང་གི་སྐད་ཆ་བཤད་ན། སེམས་ནང་དྲོ་སོབ་སོབ་འདུག་ལ་གནོན་ཤུགས་ཀྱང་ལྕི་པོ་འདུག དྲོ་སོབ་སོབ་ཡོད་པ་ནི་རྒྱལ་ཁབ་ཀྱིས་ང་ཚོ་བརྗེད་མེད་པ་དང་། གནོན་ཤུགས་ཆེན་པོ་ཡོད་པ་ནི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པ་དེ་རེད”ཅེས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོ་ཡན་ལག་ཅུས་བདེ་འཇགས་དོ་དམ་རུ་ཆེན་གྱི་རུ་དཔོན་ཚེ་རིང་དོན་གྲུབ་ཀྱིས་བཤད། གནོད་འཚེ་ཐོན་རྗེས། སྐོར་ཞིབ་ཚོད་འཛིན་ཚོགས་ཆུང་གིས་སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་ཁ་ཤས་བརྟན་སྲུང་བྱས་ཏེ། བཀོད་སྒྲིག་བྱ་ཡུལ་ཁག་གི་མི་སྣའི་ཆ་འཕྲིན་རེ་རེ་བཞིན་ཐོ་འགོད་དང་ཡིག་ཚགས་བཟོ་བ་དང་། མང་ཚོགས་ལ་སེམས་གསོ་གཏོང་བ། མེ་ཟོན་དང་བདེ་སྲུང་སོགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བཅས་བྱས་ཤིང་། ཁོངས་གཏོགས་ཁུལ་དུ་སྐོར་ཞིབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཁྲོམ་གཞུང་དང་དུད་ཚང་རེ་རེ་བཞིན་འདྲི་རྩད་མཐིལ་རྟོགས་དང་། སྤྱི་ཚོགས་དང་མང་ཚོགས་ཀྱི་གནས་ཚུལ་བསྡུ་རུབ་རྒྱ་ཁྱབ་བྱས་ཏེ། མང་ཚོགས་ཀྱི་རེ་ཞུ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཡོད། གེགས་སེལ་དངོས་ཟོག་ཉར་ཚགས་ཀྱི་ས་ཁོངས་དང་གཙོ་གནད་དོ་ཁུར་བྱ་ཡུལ་མི་སྣ་སོགས་འགག་རྩའི་རྒྱུ་རྐྱེན་ལ་དམིགས་ནས་ཞིབ་བཤེར་དང་འདྲི་རྩད་བྱས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ལམ་ངོས་སུ་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་གྱིས་མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་ཉེན་ཁ་སྔ་ཙམ་ཐག་གཅོད་བྱས་ནས། ཉེན་སེལ་རོགས་སྐྱོབ་བྱེད་རིང་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དང་སྒྲིག་ལམ་རྒྱུན་མཐུད་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

    ཉིན་ཤས་བསྟུད་མར། སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་དཔུང་ཁག་གིས་རོགས་སྐྱོབ་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ། མི་སྣ་འཚོལ་སྐྱོབ་དང་ས་གནས་ས་ཐོག་གི་སྒྲིག་ལམ་སྲུང་སྐྱོང་བྱས་པ་དང་ས་གནས་ས་ཐོག་ནས་རྙེད་པའི་དངོས་རྫས་རེ་རེ་བཞིན་ཐོ་འགོད་དང་ཉར་ཚགས་ཡག་པོ་བྱས་ནས། རོགས་སྐྱོབ་སྟོབས་ཤུགས་དང་འཕྲལ་སྡོམ་དངོས་ཟོག་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

    བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སྐྱིད་གྲོང་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཏང་ཡོན་18ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་མགྱོགས་མྱུར་བཙུགས་ཏེ། སྟབས་བདེའི་སྒྲིག་ཆས་ཁྱེར་ནས་སྐྱིད་གྲོང་འགག་སྒོའི་ཆུ་རུད་ཚབས་ཆེན་ཐོན་ཁུལ་དུ་བསྐྱོད་དེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་འཚོལ་སྐྱོབ་ལས་དོན་སྤེལ་བ་རེད། འཚོལ་སྐྱོབ་རུ་ཁག་གི་ཁོངས་མི་དང་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཀུའེ་ཤིན་ཝུའེ་ཡིས“འཐབ་ས་དང་པོར་ཡོད་པའི་ང་ཚོའི་འཐབ་གྲོགས་དང་མང་ཚོགས་ཚོ་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་དང་འབྲལ་མེད་མཉམ་གཤིབ་རེད། ད་ཆ་ཁོང་ཚོ་དང་འབྲེལ་བ་ཆད་པས་ངར་སེམས་ཁྲལ་ཆེན་པོ་འདུག ཁོ་ཚོ་བདེ་འཇགས་ངང་ཕྱིར་ལོག་ཐུབ་ན། ང་ཚོ་ཉིན་མཚན་དབྱེར་མེད་ཉལ་རྒྱུ་མ་བྱུང་ཡང་གནད་འགག་མི་འདུག ཚེ་གང་དོན་དག་གཅིག་སྒྲུབ་རྒྱུ་ནི་ངས་མེས་རྒྱལ་གྱི་རྒྱལ་སྒོ་ཡག་པོ་སྲུང་རྒྱུ་དེ་ཡིན། དེ་ང་ཚོ་མཐའ་མཚམས་ཞིབ་བཤེར་བའི་ཆོད་སེམས་ཡིན་ལ་ང་ཚོ་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་བའི་ཐོག་མའི་བསམ་འདུན་ཡང་ཡིན”ཞེས་སྨྲེ་ངག་འདོན་བཞིན་བཤད།

    སྐྱིད་གྲོང་འགག་སྒོར་ཆུ་རུད་ཐོན་རྗེ། སེར་ཆུང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྤེན་པ་ཆོས་བཟང་གིས་འཕྲལ་མར་སྐད་འཕྲིན་ཚོགས་པའི་ནང་བརྡ་ཐོ་བཏང་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་ས་སྟོང་དུ་སྤོས་པ་རེད། ད་ཆ་གནས་སྤོས་མང་ཚོགས་བཀོད་སྒྲིག་ཡག་པོ་བྱུང་ཡང་སྤེན་པ་ཆོས་བཟང་གི་ལག་ཐོགས་ཁ་པར་ནས་སྒྲ་སྔར་བཞིན་གྲགས་བཞིན་ཡོད། ཁ་པར་དང་སྐད་འཕྲིན་ནང་ཁོང་གིས་ལན་རེ་རེ་བཞིན་བཏབ་པ་དང་མང་ཚོགས་ཀྱི་རེ་འདུན་རེ་རེ་བཞིན་ཟིན་ཐོར་བཀོད་ཀྱི་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་8ཚེས་28ཉིན་ཚོགས་འདུ་འཚོགས་ནས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་ཤེས་རྟོགས་བྱུང་རྗེས། སྤེན་པ་ཆོས་བཟང་ལ་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ང་ཚོས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ་དང་། དུད་ཚང་རེ་རེ་བཞིན་གྱི་ཉེན་ཁ་གྲལ་བཤེར་བྱེད་པ། རེ་ཞུར་དུས་ཐོག་ཏུ་ལན་འདེབས་པ་བཅས་བྱས་ནས་འགན་སྲུང་གི་ལས་དོན་ཁག་ཞིབ་ཕྲ་དང་ཏན་ཏིག་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡག་པོ་སྲུང་གི་ཡིན”ཞེས་བཤད།

    ཆུ་རུད་ཐོན་རྗེས། སྐྱིད་གྲོང་གྲོང་རྡལ་ས་ལེ་ཤང་ལ་བི་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ནོར་བུ་ལ་བི་གྲོང་ཚོའི་ཡུལ་མི་ཡོངས་དང་མཉམ་དུ་ས་ལེ་ཤང་གྱེས་ཕུག་གྲོང་ཚོའི་དམངས་སྲོལ་གནས་ཚང་དུ་བཀོད་སྒྲིག་བྱས་པ་དང་། ཉིན་ལྟར་ཁྲོམ་གཞུང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་རོགས་སྐྱོབ་རླངས་འཁོར་དང་མི་སྣ་མཐོང་སྐབས་ཁོང་སེམས་འགུལ་ཆེན་པོ་ཐེབས་ཤིང་། “ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་སྟོབས་ཤུགས་ལ་ང་ནམ་ཡང་ཡིད་ཆེས་ཡོད། ལྷག་པར་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་8ཚེས་28ཉིན་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བའི་གསར་འགྱུར་མཐོང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། ད་ཆ་ང་ཚོར་ལྟོ་གོས་འཛོམས་པོ་ཡོད་ལ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་དགོས་མཁོར་དོ་ཁུར་ཡང་བྱེད་ཀྱི་འདུག ང་ཚོས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལས་དོན་ཁག་ལ་གཞོགས་འདེགས་ཧུར་ཐག་དང་གདེང་ཚོད་བསྐྱར་དུ་འཕེལ་བར་བྱས་ནས་ང་ཚོའི་ཁྱིམ་གཞིས་མཉམ་དུ་བསྐྲུན་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།