ཉིན་ཐོ་རེ་རེའི་གསེབ་ནས་ན་གཞོན་ལས་བྱེད་པ་ཞིག་གི་འགན་སེམས་མངོན།
ཟླ་8ཚེས་14ཉིན་གྱི་ཞོགས་པར། སྤྱི་སྤྱོད་རླངས་འཁོར་ཨང་གྲངས་81ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ལུའུ་ཅ་ཀྲོང་གྲོང་ཚོའི་འབབ་ཚུགས་སུ་དལ་བུར་འབྱོར་མ་ཐག ལུའུ་ཅ་ཀྲོང་གི་གྲོང་མི་ཚོ་གོ་རིམ་ལྡན་པའི་ངང་རླངས་འཁོར་ནས་འབབ་འཛུལ་བྱེད་བཞིན་ཡོད་པ་ལས་ཁོང་ཚོའི་འགྲོ་སྐྱོད་ཧ་ཅང་སྟབས་བདེ་པོ་ཡོད་པ་མཚོན། ཐག་མི་རིང་བའི་ལུའུ་པོ་བུ་བཅོལ་ཁང་ནས་བྱིས་པའི་དགོད་སྒྲ་ལྷང་ལྷང་གྲགས་འོང་བ་དང་། མིག་མདུན་དུ་གནས་འཕྲོད་ལས་འཚམ་དང་དུས་བདེ་འཆམ་མཐུན་གྱི་གྲོང་ཚོའི་རྣམ་པ་མཐོང་སྐབས་ལུའུ་ཅ་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལུའོ་དབྱིང་གི་སེམས་ནང་མྱོང་ཚོར་ཟབ་མོས་ཁེངས་ཡོད། ལོ་གཅིག་ལྷག་ཙམ་གོང་ཐོག་མར་འདི་གར་འབྱོར་སྐབས་གཞི་རིམ་དུ་ལས་དོན་སྒྲུབ་པའི་ཉམས་མྱོང་མེད་པས་ཁོང་ལ་དངངས་འཚབ་ལངས་མྱོང་ཡོད།
2024ལོའི་ལོ་མཇུག་ལ་ཕྱིར་ལྟ་ཞིག་བྱེད་སྐབས། སློབ་ཆེན་ཐོན་མ་ཐག་པའི་ལུའོ་དབྱིང་ལུའུ་ཅ་ཀྲོང་གྲོང་ཚོར་ཡོང་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར། ཐོག་མར་ལས་འགན་འཁུར་སྐབས་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་གསུམ་གྱི་དོ་དམ་དང་། འགལ་ཟླ་འདུམ་འགྲིག རྣམ་གྲངས་སྐུལ་འདེད་སོགས་གཞི་རིམ་གྱི་ལས་དོན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་རང་གི་ཕྲག་ཐོག་ཏུ་བབས་ཤིང་། སྔོན་ཆད་ཡིག་ཆའི་ནང་མཐོང་བ་ཙམ་གྱི་ལས་ཀ་དེ་དག་ད་ཆ་ཁོང་གིས་དོན་ཏུ་འཁྱོལ་བ་བྱེད་དགོས་ཀྱི་ཡོད། ལུའོ་དབྱིང་གིས་སྐབས་དེ་དུས་རང་ཉིད་ཉམས་མྱོང་ཞན་པས་སེམས་ནང་དངངས་འཚབ་ཆེན་པོ་ལང་བྱུང་ཞེས་བརྗོད།
ལས་འགན་འཁུར་མ་ཐག་པའི་ཟླ་བ་གསུམ་རིང་ལུའོ་དབྱིང་གིས་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་དུད་ཚང་429རེ་རེ་བཞིན་ལ་བཅར་འདྲི་དང་བརྟག་ཞིབ་བྱས།
ཟླ་བ་གསུམ་གྱི་དུས་ཚོད་ནང་ཁོང་གིས་གྲོང་ཚོའི་གནས་ཚུལ་གྱི་ཉིན་ཐོ་དེབ་མཐུག་པོ་ཁ་ཤས་བྲིས་ཡོད་ཅིང་། དེའི་ནང་ཁྱིམ་ཚང་ཚང་མའི་སེམས་ཁྲལ་དང་རེ་སྒུག་བཀོད་ཡོད་པ་མ་ཟད། ཁོང་གིས་ལུའུ་ཅ་ཀྲོང་གྲོང་ཚོའི་འཕེལ་རྒྱས་ཀྱི་འགག་གནད་དང་བཅོས་སྐྱོང་གི་དཀའ་གནད་སེམས་སུ་གསལ་པོར་ངེས།
མང་ཚོགས་ཀྱི་འདུན་ཞུ་ལེགས་སྒྲིག་བྱས་རྗེས་མང་ཚོགས་ཀྱིས་ཡང་ཡང་གླེང་བའི་དཀའ་གནད་གསུམ་མིག་མདུན་དུ་མངོན་པ་སྟེ། གྲོང་ཚོར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་མི་ཐུབ་པས་གྲོང་མིའི་འགྲོ་སྐྱོད་སྟབས་བདེ་མེད་པ་དང་། གྲོང་ཚོའི་ནང་བུ་བཅོལ་ཁང་དཀོན་པས་བྱིས་པ་ཐག་ཉེ་སར་བུ་བཅོལ་ཁང་དུ་སྐྱོད་དཀའ་བ། དུས་ཐེངས་གཉིས་པའི་བཀོད་སྒྲིག་ཁང་པའི་མེ་ཟོན་ཞིབ་བཤེར་རྩིས་ལེན་ལོ་བཅུ་ཙམ་ནར་འགྱངས་བྱས་ནས་སྨི་ངོས་གྲུ་ཁྲི་གསུམ་ལྷག་ཙམ་ཡོད་པའི་སྐྲུན་དངོས་ཡུན་རིང་བེད་མེད་དུ་ལུས་པ། ཨར་སྐྲུན་གླ་ཆའི་རྩོད་གཞི་ཡང་ཐག་གཅོད་རྒྱུར་ལུས་ཡོད་པ་བཅས་ཡིན་ཞིང་། སྒྲུབ་དཀའ་བའི་ལས་ཀ་ཤ་སྟག་རེད།
མང་ཚོགས་ཀྱི་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལུའོ་དབྱིང་གིས་ཐོག་མར་ཐག་གཅོད་བྱེད་པའི་བྱ་བར་གྱུར། ལུའོ་དབྱིང་གིས་ཏང་ཡོན་གྱི་སྣེ་ཁྲིད་དེ་ས་ཆ་དངོས་སུ་བརྟག་ཞིབ་དང་འགྲུལ་རྒྱུན་བསྡོམས་རྩིས་བརྒྱབ་ནས་གྲངས་གཞི་ཞིབ་ཕྲ་བཟོས་ཏེ་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་འབྲེལ་མཐུད་ཐེངས་མང་བྱས་པ་མ་ཟད། ལམ་ཐིག་དང་འབབ་ཚུགས་ཀྱང་གཏན་འཁེལ་བྱས། འབྲེལ་མཐུད་དང་བརྩོན་ལེན་ཐེངས་མང་བྱས་མཐར་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་81གྲོང་ཚོར་ཤར་གཏོང་བྱེད་པའི་ཇུས་གཞི་བཏིང་བ་རེད། རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་དེར་གྲོང་མི་མི་ཉུང་བ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་གསར་རྐྱང་གྲོང་ཚོར་ཐོག་མར་ཡོང་བར་དཔང་པོ་བྱས།
བུ་བཅོལ་ཁང་གི་དོན་དག་ཀྱང་ཐག་གཅོད་ཡག་པོ་ཐུབ་ཅིང་། མི་སྤྱི་ཅུས་དང་སློབ་གསོ་སྡེ་ཚན་དང་འབྲེལ་མཐུད་བྱེད་པའི་གོ་སྐབས་དང་བསྟུན་ནས་ལུའོ་དབྱིང་གིས་རང་འགུལ་ངང་སློབ་གསོའི་ཁེ་ལས་དང་འབྲེལ་བ་བྱས་ཏེ་སློབ་གཉེར་སྐོར་ལ་གྲོས་བསྡུར་བྱས་པ་དང་། སྡེ་ཚན་མང་པོར་འགྲོ་ལུགས་གཉེར་བར་བསྐྱོད་རྗེས་2025ལོའི་ཟླ་9པར་ལུའུ་པོ་བུ་བཅོལ་ཁང་དུས་བཀག་ལྟར་བསྐྲུན་ནས་སློབ་མ་བསྡུ་འགོ་ཚུགས་པས་བུ་ཕྲུག་ཐག་ཉེ་སར་བུ་བཅོལ་ཁང་དུ་གཏོང་བའི་གྲོང་མིའི་བསམ་འདུན་འགྲུབ།
དེ་དག་ལས་དཀའ་ངལ་ཆེ་ཤོས་ནི་ལོ་བཅུའི་རིང་བེད་མེད་དུ་ལུས་པའི་སྡོད་ཁང་བཀོད་སྒྲིག་རྣམ་གྲངས་རེད། ལུའོ་དབྱིང་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་དེ་སྔོན་མའི་ཡིག་ཚགས་དང་དཔྱད་ཡིག་ལ་བལྟས་ནས་གནས་ཚུལ་རྒྱུས་མངའ་ཡོད་མཁན་མང་པོའི་སར་འགལ་ཟླའི་འབྱུང་རྩ་ཤེས་རྟོགས་བྱེད་པར་བསྐྱོད། ཆུས་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་སྤྱི་འདོམས་མཐུན་སྦྱོར་འོག སྡོད་ཁང་འཛུགས་སྐྲུན་དང་། མེ་ཟོན། ཁེ་ལས། གྲོང་མིའི་འཐུས་མི་བཅས་ཀྱིས་མཉམ་དུ་གྲོས་མོལ་ཡང་ཡང་བྱས་མཐར་ཐག་གཅོད་ཀྱི་ཇུས་གཞི་གྲུབ་པ་དང་འབྲེལ་མེ་ཟོན་གྱི་ཞིབ་བཤེར་རྩིས་ལེན་བདེ་བླག་ཐུབ་པ་རེད། ལོ་མང་བེད་མེད་དུ་ལུས་པའི་མཉམ་སྡེབ་རྒྱུ་ནོར་བེད་སྤྱོད་བདེ་བླག་ཐུབ་ནས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཁང་གླ་བརྟན་པོ་བྱུང་བ་དང་། 2025ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དུས་མཚུངས་ལས་21.03%འཕར་ཡོད།
སློབ་གྲྭ་ཐོན་མ་ཐག་པའི་སློབ་གྲྭ་ཆེ་མོ་བ་ནས་འཇོན་ཐང་ཆེ་བའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་བར་ལུའོ་དབྱིང་གིས་མིག་མདུན་གྱི་དཀའ་གནད་རེ་རེ་བསལ་བ་དང་གྲོང་ཚོར་རྩ་བ་ཚུགས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ནི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་མོ་བ་གྲོང་ཚོར་ལས་འགན་འཁུར་བར་བསྐྱོད་དེ་སྦྱོང་བརྡར་འཚར་ལོངས་དང་གྲོང་གསེབ་དར་རྒྱས་ཀྱི་ལས་ཀའི་ནང་ཞུགས་པའི་གསོན་ཉམས་དོད་པའི་མཚོན་བྱེད་ཙམ་རེད། མཚོ་སྔོན་ཤར་རྒྱུད་ཀྱི་ས་གཞི་ཆེན་པོའི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་གར་སྟེགས་ཐོག་གཞོན་ནུ་ཤེས་ལྡན་པ་ཁག་དང་ཁག་གིས་རྒྱུན་མཐུད་འབད་འཐབ་བྱས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་ལང་ཚོའི་རྔུལ་ཆུ་བཏོན་ནས་མཛེས་མཐུན་གྲོང་གསེབ་ཀྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།