དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས་ཉེན་སེལ་རོགས་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་གྱི་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ངལ་མཉམ་སེལ་བྱེད་པར་སྐུལ་མ་ཆེན་པོ་ཐེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-31

    ཟླ་8ཚེས་26ཉིན། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་དོ་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་ཆེན་པོ་གནང་སྟེ་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཟླ་8ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་བ་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། ངེས་པར་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཉེན་སེལ་རོགས་སྐྱོབ་བྱ་རྒྱུ་དེ་མིག་སྔའི་གལ་འགངས་ཆེ་ཤོས་དང་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ། དཀའ་སྤྱད་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་ཐོག་དུ་འཁྱོལ་བར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག འབྲེལ་ཡོད་ཕྱོགས་ཁག་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བློ་ཐག་ཆོད་ལ་ནུས་ལྡན་གྱི་བྱེད་ཐབས་དང་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་ཡོད། དེའི་ཐད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་དོན། གནོད་འཚེའི་གནས་ཚུལ་སྐོར་གྱི་སྙན་སེང་འབྱོར་རྗེས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྐྱོབ་བཅོས་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་དང་། འགོ་ཁྲིད་ལས་བྱེད་པས་ཆུ་ཚོད་24རིང་སྣེ་ཁྲིད་ལས་རེས་ཀྱི་ལམ་ལུགས་བཙུགས་པ། མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་བཀོད་འདོམས་པུའུ་བཙུགས་པ། ཆེད་དོན་ལས་དོན་ཚོགས་ཆུང་7བཙུགས་ནས་སྨན་བཅོས་འཕྲོད་བསྟེན་གྱི་རོགས་སྐྱོབ་ལས་དོན་སྤེལ་བ་བཅས་བྱས་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་སྐོར་སྐྱོད་སྨན་བཅོས་ཐེངས་13བྱས་པ་དང་། མི་291ལ་སྨན་བཅོས་སྐྱོབ་བཅོས་དང་སེམས་གསོ་བཏང་ཞིང་། ཆུའི་མ་དཔེ་ཁག་23འཚོལ་བསྡུ་དང་བཀོད་སྒྲིག་བྱ་ཡུལ་7ལ་དུག་སེལ་བྱས་ཡོད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཡོན་ཀྲང་གཞོན་པ་རིག་འཛིན་གྱིས། གནོད་འཚེ་ཐོན་རྗེས། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྨན་བཅོས་རྐང་འཛིན་སྟོབས་ཤུགས་འཕྲལ་མར་སྐོང་འཐེན་དང་། སྨན་བཅོས་འཕྲལ་སྡོམ་དངོས་ཟོག་འདང་ངེས་བཀོད་སྒྲིག་བྱས་ནས་ཉིན་མཚན་དབྱེར་མེད་ངང་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ། ནུས་ཤུགས་ཡོད་རྒུས་སྨན་བཅོས་སྐྱོབ་བཅོས་དང་སྨན་བཅོས་འགན་ལེན་སོགས་ཀྱི་ལས་དོན་སྤེལ་བ་ཡིན་ཞེས་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་པས། ཉེན་སེལ་རོགས་སྐྱོབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ངེས་རེད” རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཆབ་སྲིད་པུའི་ཀྲུའུ་རེན་ཁྲེན་ཆི་ཧྭ་ཡིས། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་རོགས་སྐྱོབ་སྟོབས་ཤུགས་ཀྱི་སྒྲིག་ཆས་ལ་སྤྱི་འདོམས་བཀོད་གཏོང་དང་། གེགས་ཁུལ་མང་ཚོགས་དུས་ཐོག་ཏུ་གནས་སྤོ་དང་བཀོད་སྒྲིག་ཡག་པོ། ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད།

    མིག་སྔར་ཉེན་སེལ་རོགས་སྐྱོབ་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པས། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་འགན་འཁྲི་ལྕི་པོ་ཡོད། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་དབུ་བཞུགས་སྔོན་བརྡ་གཏོང་མཁན་ཡུས་ཡན་ཆུན་གྱིས། “ང་ཚོས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་བཞིའི་གནམ་གཤིས་སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་གེགས་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་གནམ་གཤིས་ལ་དམིགས་ཏེ། ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། སྔོན་ཚུད་ཉེན་བརྡ། ཉེན་ཁར་ཞིབ་འཇུག་བརྡར་གཅོད་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་འཕྲལ་དུ་འཐབ་ས་དང་པོར་བརྒྱུད་སྤྲོད་ཐུབ་པའི་འགན་ལེན་བྱ་གི་ཡིན། ལས་རེས་བརྟན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་གློ་བུར་དུ་གནམ་གཤིས་འགྱུར་བའི་གནས་ཚུལ་ཤེས་འཕྲལ་གནོད་འཚེའི་སྔོན་བརྡ་བཏང་ནས་ཐབས་ཇུས་བཀོད་འདོམས་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ལས་དོན་བདེ་བླག་ངང་སྤེལ་ཐུབ་པར་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བརྗོད།

    ལྷོ་ཁ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཧོང་ཧྭ་ཡིས། རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་གཏོང་བཀོད་འདོམས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་འཕྲལ་སྡོམ་སྡེ་ཚན་དང་འབྲེལ་མཐུད་རྒྱུན་མཐུད་བྱེད་པ་དང་། ས་ཁོངས་སྒྲོལ་བའི་རོགས་སྐྱོར་གྱི་སྔོན་འགྲོའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། མེ་གསོད་ཉིང་ལག་རུ་ཁག་དང་སྐབས་བསྟུན་རུ་ཆེན་གྱི་རྗེས་སུ་རང་འགུལ་ངང་འབྲངས་ནས་ཁྱོན་མི་སྣ་93དང་། རླངས་འཁོར་20 རིགས་ཁག་གི་འཕྲལ་སྡོམ་སྒྲིག་ཆས་དང་ཡོ་བྱད་150ལྷག་ཙམ། སྲིང་བལ་ཕོ་ཁེབས་5000བཅས་སྤྲོད་པའི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད། མིག་སྔར་མི་མེད་གནམ་གྲུའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་དང་གཞུང་ལམ་བདག་སྐྱོང་སྟོབས་ཤུགས་ཀྱིས་གྲ་སྒྲིག་ཨང་བསར་དང་འཕྲལ་སྡོམ་འབྲུབ་འགོག་དངོས་ཟོག་དང་སྒྲིག་ཆས་སྣ་ཚོགས་གྲ་སྒྲིག་ཨང་བསར་བྱས་ཟིན་ཡོད། དེ་དང་ཆབས་ཅིག་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་4རྫོང་ཁག་ཏུ་མངགས་ནས་འཁྱགས་མཚོ་དང་ས་གཤིས་གནོད་འཚེའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།