སྐྱིད་གྲོང་འགག་སྒོའི་ཆུ་རུད་ཀྱི་ཉེན་སེལ་རོགས་སྐྱོབ་ལས་དོན་རྒྱུན་མཐུད་སྤེལ་བ།
སྐྱིད་གྲོང་འགག་སྒོའི་ཉེན་སེལ་རོགས་སྐྱོབ་ལས་དོན་གང་མགྱོགས་སྤེལ་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། འཚོལ་སྐྱོབ་ཀྱི་དཀའ་ཚད་མུ་མཐུད་ཆེ་རུ་ཕྱིན་པ་དང་ཞོར་ཐོན་གནོད་འཚེའི་ཉེན་ཁ་སྔར་བཞིན་ཛ་དྲག་པའི་གནས་ཚུལ་འོག ཕྱོགས་མང་པོའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་རྙོག་འཛིང་ཆེ་བའི་ཆ་རྐྱེན་ངན་པ་ཁྱད་བསད་བྱས་ནས་གནོད་འཚེ་ཕོག་སའི་ལྟེ་བའི་ས་ཁོངས་སུ་བསྐྱོད་དེ་འབྲེལ་ཆད་མི་སྣ་འཚོལ་ཞིབ་དང་། བགྲོད་ལམ་མྱུར་བཟོ། མང་ཚོགས་བཀོད་སྒྲིག མངོན་མེད་རྐྱེན་ངན་གྲལ་བཤེར་དང་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
ཟླ་8ཚེས་29ཉིན་གྱི་ཆུ་ཚོད་15པ་ཙམ་ལ་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་18ལས་གྲུབ་པའི་ཏང་ཡོན་རྐང་འཛིན་པའི་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་ཅིག་གིས་རོགས་སྐྱོབ་བགྲོད་ལམ་ཤར་གཏོང་ཐུབ་མེད་པའི་གནས་ཚུལ་འོག ཉེན་རྟོག་པ་ཡོངས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་བློ་ལ་བཅངས་ནས་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་སའི་ལྟེ་བའི་ཁུལ་དུ་བསྐྱོད།
ཚེས་29ཉིན་གྱི་ཞོགས་པར། འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་མངགས་པའི་ཀྲུང་གོ་རོགས་སྐྱོབ་རུ་ཁག་སི་ཁྲོན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་སྐམ་སའི་འཚོལ་སྐྱོབ་རུ་ཁག་གིས་སྐྱིད་གྲོང་འགག་སྒོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་སའི་ཞིག་རོའི་ཁྲོད་མུ་མཐུད་འཚོལ་ཞིབ་བྱས་ཤིང་། གཙོ་གནད་ས་ཁོངས་སུ་རྩད་ཞིབ་ཞིབ་ཚགས་དང་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ་འཚོལ་སྐྱོབ་ལས་དོན་བར་མཚམས་མེད་པར་སྤེལ་བ་རེད། ཉེན་སེལ་རོགས་སྐྱོབ་ལས་དོན་བདེ་འཇགས་ངང་སྤེལ་བར་འགན་ལེན་དང་གནོད་འཚེ་ཕོག་པའི་ས་ཁོངས་ཀྱི་ཞོར་ཐོན་གནོད་འཚེར་ལྟ་ཞིབ་ཚད་ལེན་ཡག་པོ་བྱ་ཆེད། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ལྟེ་གནས་ཀྱི“གནོད་འཚེ་ཚབས་ཆེན་གྱི་མི་མེད་གནམ་གྲུའི་འཕྲལ་སྡོམ་མཉམ་ལས་ལམ་སྲོལ”གྱི་ཁོངས་མི་ཚན་པའི་གནམ་གྲུ་གཏོང་མཁན་11མངགས་ཤིང་། ཁོང་ཚོས་མྱུལ་ཞིབ་མི་མེད་གནམ་གྲུ་7དང་ལྗིད་ཐེག་མི་མེད་གནམ་གྲུ་2བཏང་ནས་ལྟ་ཞིབ་ཚད་ལེན་དང་སྐྱེལ་སྤྲོད་ཚོགས་ཆུང་གཉིས་བཙུགས་ཏེ། མཉམ་འབྲེལ་ངང་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་གཞོགས་འདེགས་རོགས་སྐྱོབ་ལས་དོན་རྒྱུན་མཐུད་སྤེལ་བ་རེད།
ཚེས་28ཉིན་གྱི་ཆུ་ཚོད་19པ་ཙམ་ལ་ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་ལྷོ་ཁ་རུ་ཆེན་གྱི་རླངས་འཁོར་གཉིས་དང་མི་སྣ་6དང་། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་རོགས་སྐྱོབ་རྩད་ཞིབ་ཐིག་ལེན་རུ་ཁག་གི་མི་སྣ་5དང་རླངས་འཁོར་གཉིས་ས་ལེ་ཤང་ཀོ་པ་གྲོང་ཚོའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་འབྱོར་ནས་འཁྱིལ་མཚོའི་ཆུ་རགས་དང་ཤར་ལྷོའི་ཕྱོགས་ཀྱི་རི་བོའི་དབྱིབས་འགྱུར་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། འཁྱིལ་མཚོའི་སྨད་རྒྱུད་ཀྱི་འཚོལ་སྐྱོབ་ནང་ཞུགས་མཁན་ཉིང་ལག་དཔུང་ཁག་ཁག་གི་མི་སྣའི་ཚེ་སྲོག་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་བཏང་བ་རེད།
ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཁྲེང་ཏུའུ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིས་གནམ་དཔྱད་བར་མཐོངས་སོགས་མཉམ་ལས་རོགས་ཟླ་དང་མཉམ་དུ་རང་རྒྱལ་གྱི་ནུས་རྒྱུའི་ལས་གྲྭའི་ཆེད་སྤྱོད་སྲུང་སྐར་ཐོག་མ“གློག་འཛུགས་ཨང་དང་པོའི”བརྙན་གྲུབ་ལས་འགན་བཀོད་གཏོང་འཕྲལ་དུ་བྱས་པ་རེད། སྲུང་སྐར་དེས་ཚེས་27ཉིན་གྱི་ཆུ་ཚོད་0དང་སྐར་མ་48པ་དང་ཚེས་28ཉིན་གྱི་ཆུ་ཚོད་13དང་སྐར་མ་50པར་རྒྱལ་སྒྲོལ་གེགས་ཁུལ་དུ་གནོད་འཚེ་ཐོན་རྗེས་ཀྱི་ལེ་ཏའི་རྒྱང་ཚོར་བརྙན་པར་ཐོག་མ་དེ་བླངས་པ་རེད།
བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གིས་འཕྲོད་བསྟེན་རྐང་འཛིན་པ་སྐོང་འཐེན་བྱས་ནས་སྨན་བཅོས་སྐོར་སྐྱོད་རུ་ཁག་བཙུགས་ཏེ་སྐྱིད་གྲོང་གྲོང་རྡལ་གྱེས་ཕུག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་ནས་གེགས་ཁུལ་མང་ཚོགས་150ལྷག་ཙམ་ལ་སྐོར་སྐྱོད་སྨན་བཅོས་དང་སྨན་སྤྲད་པ་རེད། ཟླ་8ཚེས་29ཉིན་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་རོགས་སྐྱོབ་དཔོན་དམག་ཚོས་སྦག་སྦག་བཞོན་པ་དང་རྐང་ཐང་མར་མུ་མཐུད་རོགས་སྐྱོབ་བྱ་ཡུལ་དུ་བསྐྱོད་དེ་འཕྲུལ་ཆས་ཆེ་གྲས་ལ་གཞོགས་འདེགས་ཀྱིས་ཆུ་ལམ་གྱི་གཞོགས་གཅིག་ཏུ་འཚོལ་སྐྱོབ་བྱས་པ་དང་འདམ་རྫབ་བཤངས་པ་རེད།
ཚེས་29ཉིན། ཀྲུང་གོ་ཨན་ནེང་ཚོགས་པས་ལག་རྩལ་དང་རྩལ་ནུས་ཀྱི་རྐང་འཛིན་པ་60བཏང་བ་དང་། རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་སོགས་ལས་གྲྭའི་རོགས་སྐྱོབ་སྒྲིག་ཆས་28བསྐོང་བསྡུ་བྱས་ཏེ་རྒྱལ་ལམ་G216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་ལ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་རེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་མིག་སྔར་ལྕགས་སྒྲོམ་གྱི་སྦྲེལ་ཚུགས་1སླར་གསོ་བྱས་ནས་གློག་བཏང་བ་དང་། སྐྱིད་གྲོང་རྫོང་འཕེལ་སྒྱུར་ཨུ་ལྷན་གྱིས་འཕྲལ་སྡོམ་མཛོད་ཁང་དང་གཙོ་གནད་རླངས་འཁོར་འཇོག་ས་གཉིས། དེ་བཞིན་སྐྱིད་གྲོང་གྲོང་རྡལ་གྱི་གནས་སྤོས་བྱ་ཡུལ་གྱི་གུར་32བཅས་ལ་གློག་སྐུད་འཁྲིད་དེ་གེགས་ཁུལ་གྱི་ཆེད་དོན་ལས་དོན་ཚོགས་འདུ་དང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག་མ། བཅར་འདྲི་བྱ་ཡུལ་བཅས་ལ་གློག་བཏང་བ་རེད། ཚེས་29ཉིན་གྱི་ཆུ་ཚོད་9པའི་བར། ས་ཡུལ་དངོས་སུ་རིམ་རྩིས་བརྒྱབ་ན་མྱུར་བཟོ་བ་126དང་། གློག་འདོན་རླངས་འཁོར་13 གློག་འདོན་འཕྲུལ་འཁོར་52 གློག་སྒྲོན་རིགས་ཀྱི་སྒྲིག་ཆས་48བཅས་ཚང་མ་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་ཡོད། དེ་དང་ཆབས་ཅིག་སྒྲིག་འཛུགས་བཀོད་སྒྲིག་བྱས་པའི་གློག་སྒྲོན་སྒྲིག་ཆས་16སྐྱིད་གྲོང་རྫོང་གྲོང་དུ་འབྱོར་ནས་བཀའ་སྒུག་བཞིན་ཡོད།
སྤྱི་ཚོགས་ཀྱི་ཁེ་ལས་དག་གིས་གེགས་ཁུལ་ལ་ཞལ་འདེབས་ཧུར་ཐག་བརྒྱབ་པ་དང་། ཀྲུང་གོ་གསེར་ཚོགས་པས་སྒོར་ཁྲི་1500ཞལ་འདེབས་བརྒྱབ་ནས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཐད་སྤྱོད་པར་རྒྱབ་སྐྱོར་བྱས་ཡོད། ཤར་ཕྱོགས་རྒྱུ་ནོར་ཆ་འཕྲིན་མ་རྐང་ཚད་ཡོད་ཀུང་སིས་གེགས་ཁུལ་ལ་སྒོར་ཁྲི་1000ཞལ་འདེབས་བརྒྱབ་ནས་སྐྱིད་གྲོང་གེགས་ཁུལ་གྱི་ཉེན་སེལ་རོགས་སྐྱོབ་དང་། དམངས་འཚོ་འགན་ལེན། གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ་རེད།
གསར་འགོད་པས་གསར་འགྱུར་མ་སྤེལ་གོང་བར། འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་ཅིང་། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།